20
Sat, Apr

༢༠༢༠་ལོའི་ཟླ་༩་ཚེས་༡༧་ཉིན། ༸གོང་ས་མཆོག་གིས་ངེས་བརྟན་མེད་པའི་གནས་སྟངས་འོག་ང་ཚོ་འགྲོ་བ་མི་ཐུན་མོང་གི་རང་བཞིན་བཟང་པོ་གོང་མཐོར་གཏོང་ཚུལ་གྱི་བརྗོད་གཞི་ཐོག་བཀའ་སློབ་སྩོལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༡༧ཉིན། དེང་སང་མི་མང་པོ་ཞིག་ལ་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད་པ་ནི། རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པ་དང་། ཡིད་ཆེས་མེད་པ་ལ་བརྟེན་ནས་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད། ཅེས་༸གོང་ས་མཆོག་གིས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། ༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་ཐད་གཏོང་བརྒྱུད། ངེས་བརྟན་མེད་པའི་གནས་སྟངས་འོག་ང་ཚོ་འགྲོ་བ་མི་ཐུན་མོང་གི་རང་བཞིན་བཟང་པོ་གོང་མཐོར་གཏོང་ཚུལ་ (Cultivating our Common Humanity amidst Uncertainty) ཞེས་པའི་བརྗོད་གཞིའི་ཐོག ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་ཡན་ལག་གི་ཚོགས་གཙོ་ལྕམ་སྐུ་ཨེ་མི-ཀོ་ཧེན-ཝ་རེ་ལ་(Amy Cohen Varela)ལགས་དང་། འབུམ་རམས་པ་དགེ་སློང་མེད་ཐིའུ-རི་ཀཱ་ཌི་(Matthieu Ricard)ལགས། ཨཱར་ཧུ་སི་གཙུག་ལག་མཐོ་སློབ་ཁང་གི་ཕན་ཚུན་སེམས་ཀྱི་འབྲེལ་འདྲིས་བསྟི་གནས་ཁང་གི་སློབ་དཔོན་ཆེན་པོ་ཨན་ཌི་རི་སི-རོ་ཏོར་ཧྥི་(Andreas Roepstorff)ལགས་བཅས་དང་ལྷན་དུ་བརྟེན་འབྱུང་དང་འགྲོ་བ་མི་སྤྱིའི་འདུ་ཤེས་སྐོར་ལ་བགྲོ་གླེང་གནང་སོང་།

ཐོག་མར། ལྕམ་ཨེ་མི་ཀོ་ཧེན་ཝ་རེ་ལ་ལགས་ཀྱིས་ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་སྐོར་ངོ་སྤྲོད་གནང་སོང་། དེ་ནས་ ༸གོང་ས་མཆོག་གིས་གསུང་དོན། ངོས་ཀྱིས་རྒྱུན་དུ་ཨེ་མི་ཀོ་ཧེན་ཝ་རེ་ལ་ལགས་ཀྱི་བཟའ་ཟླ་ཕི་རན་སི་སི་ཀོ-ཝ་ལེ་ར་ལ་(Francisco Varela) ལགས་ཀྱི་འདྲ་པར་ཞིག་ཉར་བཞིན་ཡོད། ཁོང་གིས་ངོས་རང་ལ་དེང་རབས་ཚན་རིག་སྐོར་ངོ་སྤྲོད་གནང་བྱུང་། ང་ཚོས་ཚན་རིག་སྐོར་བགྲོ་གླེང་གནང་སྐབས་ཁོང་གིས་ཚན་རིག་པའི་ཞྭ་མོ་ཡིན་ཞེས་ཞྭ་མོ་ཞིག་གོན་གནང་གི་རེད། དེ་བཞིན་ང་ཚོས་ནང་པའི་ལྟ་གྲུབ་སྐོར་བགྲོ་གླེང་གནང་སྐབས་ཁོང་གིས་ནང་པའི་ཞྭ་མོ་ཡིན་ཞེས་ཞྭ་མོ་ཞིག་གོན་གནང་གི་རེད། ཁོང་ནི་མི་བཟང་པོ་ཞིག་ཡིན་ཞིང་། ཁོང་ནི་ངོས་ཀྱིས་དེང་རབས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གནང་འགོ་འཛུགས་མཁན་ཐོག་མའི་གྲས་རེད། རིམ་པས་ཚན་རིག་པ་མང་པོས་སེམས་ཁམས་རིག་པ་དང་སྒོམ་སྐོར་དོ་སྣང་བྱེད་ཀྱི་འདུག ཅེས་གསུངས་སོང་།

དེའི་རྗེས། དགེ་སློང་མེད་ཐིའུ-རི་ཀཱ་ཌི་ལགས་ཀྱིས་༸གོང་ས་མཆོག་ལ་དེང་སང་མི་མང་པོ་ཞིག་ལ་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད་པས། དེ་སྐོར་བཀའ་སློབ་བསྩལ་རོགས་ཞེས་གསོལ་འདེབས་ཞུས་སོང་། དེ་ནས་ཁོང་གིས་བཀའ་ལན་སྩལ་དོན། སྔ་མོ་ཡིན་ན་རྒྱལ་ཁབ་རྣམས་སོ་སོ་གཅིག་པུ་གནས་ཀྱི་ཡོད། ང་ཚོ་ཟེར་བ་དེ་ཁྱབ་ཆུང་ཆུང་ཞིག་ལ་གོ་དགོས། དེང་སང་གོ་ལའི་ཚ་དྲོད་དང་དཔལ་འབྱོར་གྱི་རྐྱེན་པས་ཤར་ལྷོ་དང་ནུབ་བྱང་གི་ཁྱད་པར་མེད་ལ་ང་ཚོ་ཚང་མ་གོ་ལ་གཅིག་གི་སྒང་འཚོ་བཞིན་ཡོད། སྔ་མོའི་བསམ་བློ་གཏོང་སྟངས་ང་ཚོ་ཟེར་བ་དེ་དུས་ཚོད་ཡོལ་ཟིན་པ་དང་། ད་ལྟ་འཛམ་གླིང་ནང་དུ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མའི་ཆེད་དུ་བསམ་བློ་གཏོང་དགོས། ང་ཚོ་དང་ཁོང་ཚོའི་མ་འོངས་པ་གཅིག་ལ་གཅིག་བརྟེན་རེད། དེ་ནི་དངོས་ཡོད་རེད། ང་ཚོ་ནང་པ་ཚོས་མ་སེམས་ཅན་ཐམས་ཅད་ཅེས་བསམ་བློ་གཏོང་གི་ཡོད། དེ་རིང་ཁ་སང་གི་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ཤར་ལྷོ་དང་ནུབ་བྱང་དུ་ཡོད་པའི་མི་ཚང་མ་གཅིག་ལ་གཅིག་བརྟེན་ནས་བསྡད་ཡོད། འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་དགོས། ངོས་ཀྱིས་ནམ་རྒྱུན་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་གི་ཡོད། འཛམ་གླིང་འདིའི་སྒང་ལ་ང་ཚོ་ཚང་མ་མཉམ་དུ་འཚོ་དགོས། སྔ་མོ་ཡིན་ན་ང་ཚོ་དང་ཁོང་ཚོ་ཞེས་དང་དོད་གནང་གི་ཡོད། དེ་ལ་བརྟེན་ནས་དཀའ་ངལ་མང་པོ་བཟོས་ཡོད། ང་ཚོ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟངས་སྐོར་མི་མང་ལ་སློབ་སྦྱོང་སྤྲོད་དགོས། གོ་མཚོན་ཟེར་བ་ནི་མི་གཞན་མེད་པར་གཏང་རྒྱུ་ཡིན་སྟབས་དངོས་ཡོད་ཐོག་བེད་སྤྱོད་མེད། མི་ཚང་མར་ཁམས་དང་མོས་པ་སྣ་ཚོགས་ཡོད། བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་ལས་ཕན་ཚུན་འཁྲུག་པ་བརྒྱག་རྒྱུ་མེད། བྱམས་པ་དང་། བཟོད་སྒོམ། ཆོག་ཤེས་ཞེས་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན། རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པར་བརྟེན་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད། མི་ཞིག་དང་ཐུག་འཕྲད་བྱེད་སྐབས་འཛུམ་མུལ་མུལ་དང་གཞན་ཕན་གྱི་བསམ་བློ་བཏང་ན་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་མ་རེད། ཞེས་གསུངས་སོང་།

ང་ཚོར་ལུས་ཀྱི་འཕྲོད་བསྟེན་དགོས་པ་བཞིན། སེམས་ཀྱི་འཕྲོད་བསྟེན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། སེམས་ཁམས་རིག་པའི་སློབ་སྦྱོང་འདི་དེང་དུས་ཤེས་ཡོན་སྡེ་ཚན་བཅུག་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཅེས་བཀའ་སློབ་གནང་སོང་།

དེ་ནས་འབུམ་རམས་པ་མེད་ཐིའུ་ལགས་ཀྱིས་དབུལ་ཕྱུག་གི་ཁྱད་པ་ཡི་དཀའ་ངལ་སེལ་ཐབས་ཐོག་བཀའ་འདྲི་ཞུས་སྐབས། ༸གོང་ས་མཆོག་གིས་གསུང་དོན། ངོས་ཀྱིས་དེའི་སྔོན་བརྗོད་པ་བཞིན། ཤེས་ཡོན་སྡེ་ཚན་ནང་དུ་སེམས་ཁམས་རིག་པ་དང་འབྲེལ་སློབ་ཚན་ཁག་དང་བཟང་སྤྱོད་སྐོར་བཞག་དགོས་པ་ཧ་ཅང་གལ་ཆེན་པོ། དེ་འདྲ་བྱས་ན་སློབ་ཕྲུག་ཚོ་སྤྱོད་བཟང་དང་བྱམས་བརྩེ་ལྡན་པ་ཞིག་འགྱུར་གྱི་རེད། དེ་འདྲ་བྱུང་ན་དབུལ་ཕྱུག་གི་ཁྱད་པའང་ཉུང་དུ་གཏོང་ཐུབ་ཀྱི་རེད། གང་ཡིན་ཟེར་ན། ཕར་ཕྱོགས་ཀྱི་དཀའ་སྡུག་མང་བར་ཚོར་ཐུབ་ཀྱི་རེད། ཅེས་སོགས་བཀའ་ལེན་བསྩལ་སོང་།

དགེ་སློང་མེད་ཐིའུ་ལགས་ཀྱིས་སླར་ཡང་དེང་སང་གཞོན་སྐྱེས་ཚོས་ཁོར་ཡུག་ཐོག་དོ་སྣང་མང་བར་གནང་དགོས་པའི་སྐད་འབོད་རྒྱག་གི་ཡོད། ༸གོང་ས་མཆོག་གིས་དེའི་ཐོག་བཀའ་སློབ་གནང་རོགས་ཞེས་ཞུས་སོང་། དེ་ནས་༸གོང་ས་མཆོག་གིས་གསུང་དོན། བྱིས་པ་ཚོ་ཆུང་ཆུང་ཡིན་སྐབས། མིའི་ལྷན་སྐྱེས་བཟང་པོའི་རང་བཞིན་དེ་ཤུགས་ཆེ་བ་ཡོད་རེད། དེ་ནས་སློབ་གྲྭར་ཕྱིན་རྗེས་དཔལ་འབྱོར་ཡར་རྒྱས་དང་འགྲན་སེམས་སོགས་ཤེས་ཡོང་གི་ཡོད། དེ་གཙོ་བོ་ནི། དེང་སང་གི་ཤེས་ཡོན་སྡེ་ཚན་ནང་དུ་ཕྱིའི་དངོས་པོར་དམིགས་པའི་སློབ་སྦྱོང་སྤྲོད་ཀྱི་ཡོད། སློབ་སྦྱོང་གི་རྒྱུད་རིམ་འགྱུར་བ་གཏོང་རྒྱུ་གལ་ཆེན་པོ་རེད། དེར་བརྟེན། སློབ་ཕྲུག་ཚོར་སློབ་སྦྱོང་ག་འདྲ་སྤྲོད་དགོས་ཀྱི་ཡོད་མེད་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཉེ་སྔོན། ཐེ་ཝན་གྱི་ཚན་རིག་པ་ཞིག་གིས་སའི་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད། ལོ་བཅུ་ཕྲག་ཁ་ཤས་རྗེས་སའི་གོ་ལའི་ཚ་དྲོད་ཧ་ཅང་འཕེལ་རྒྱུ་ཡིན་སྐོར་དང་། འཛམ་གླིང་གི་རྒྱུགས་ཆུ་མང་པོ་ཞིག་སྐོམ་འགྲོ་ཡི་རེད་བརྗོད་སོང་། ཁོ་ཚོས་སྔོན་ནས་ཚོད་དཔག་བྱས་པར་གཞི་བཞག་ན། ད་འཛམ་གླིང་འདི་སྟོང་འགྲོ་བའི་གནས་སྟངས་སྒང་སླེབས་ཡོད། དེར་བརྟེན། ང་ཚོ་འཛམ་གླིང་འདིའི་ནང་དུ་འཚོ་བའི་རིང་གང་ཐུབ་ཐུབ་ཀྱི་མཐུན་སྒྲིལ་བྱས་ནས་བདེ་སྐྱིད་ངང་འཚོ་བ་དང་། སེམས་ཅན་གཞན་གྱི་བདེ་སྡུག་ལའང་བསམ་བློ་གཏོང་། སྐྱེས་པའི་རྗེས་སུ་འཇིགས་རྒྱུ་ནི་ཆོས་ཉིད་རེད། ཅེས་སོགས་བཀའ་ལེན་བསྩལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།