18
Thu, Apr

ཨ་རི་ཡིས་རྒྱ་ནག་ལ་འཐབ་རྒོལ་བྱེད་འགོ་བརྩམས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༢༣་ཉིན་སྤེལ། ཨ་རི་སྲིད་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་སྒོ་བརྒྱབ་པ་དང་། དྲ་ཇག་འཛིན་བཟུང་། ཚོང་གཉེར་ཁང་དང་བཟོ་གྲྭ་བཀག་སྡོམ། ཨེ་ཤ་ཡའི་ནང་དུ་དམག་སྒར་བཙུགས་པ་དང་དམག་སྦྱོང་བྱས་པ་བཅས་རྒྱ་ནག་ལ་རིམ་བཞིན་འཐབ་རྒོལ་བྱེད་འགོ་བརྩམས་ཡོད་པ་རེད།

དེ་ཡང་། ཟླ་འདིའི་ཚེས་༢༢་ཉིན། ཨ་རི་སྲིད་གཞུང་གིས་ཨ་རི་ཧོ་སི་ཏོན(Houston) ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་རེད། སྲིད་འཛིན་ཊོམ་གྱིས་ད་དུང་ཡང་རྒྱ་ནག་གཞུང་ཚབ་ཁང་གཞན་པ་སྒོ་རྒྱག་སྲིད་པ་བརྗོད་འདུག ཉེ་སྔོན་རྒྱ་ནག་གི་ཚོང་གཉེར་ཁང་དང་བཟོ་གྲྭ་རྒྱ་གཞུང་དང་འབྲེལ་བ་ཡོད་པར་བརྗོད་ནས་བཀག་སྡོམ་བྱས་ཡོད། དེ་བཞིན། ཨ་རི་སྲིད་གཞུང་གིས་རྒྱ་གར་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་དང་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་དྲ་ཇག་འགོག་ཐབས་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

གཞན། འདི་ལོར་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་རྙོག་དྲ་བྱུང་རྗེས། ཨ་རི་ཡིས་རྒྱ་གར་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་མ་ཟད། ཉེ་ཆར་ཨ་རི་དང་རྒྱ་གར་གཉིས་ཀྱིས་དམག་སྦྱོང་ཞིག་ཀྱང་མཉམ་དུ་བྱས་ཡོད་འདུག

དེ་ཡང་། ཨ་རི་སྲིད་གཞུང་གིས་ཨ་རི་ཧོ་སི་ཏོན(Houston) ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་པ་དང་། ཆུ་ཚོད་༧༤་ནང་དུ་གཞུང་ཚབ་ཁང་དངོས་སུ་སྒོ་རྒྱག་ཚར་དགོས་པའི་བཀའ་བཏང་འདུག གཞུང་ཚབ་དེ་སྒོ་བརྒྱབ་དགོས་དོན་ནི། གཞུང་ཚབ་ཁང་དེས་ཨ་རི་ནང་དུ་གསང་མྱུལ་ལས་ཀ་བྱེད་ཀྱི་ཡོད་པ་དང་ཨ་རིའི་ནང་དུ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག

གསང་མྱུལ་དེ་ཚོས་ཨ་རིའི་དམག་དོན་གསང་བ་དང་ཏོག་དབྱིབས་རིམས་ནད་ཞིབ་འཇུག་ཡིག་ཆ་སོགས་རྐུ་རྒྱག་གི་ཡོད་འགྲེལ་བརྗོད་བྱས་འདུག དེར་བརྟེན། ཉེ་ཆར་ཨ་རི་གཞུང་གིས་རྒྱ་མི་སློབ་ཕྲུག་གཉིས་གསང་མྱུལ་ཡིན་པའང་དེ་དང་འབྲེལ་བ་ཡོད་པའི་དོགས་པ་འོག་འཛིན་བཟུང་བྱས་འདུག གཞུང་ཚབ་དེ་སྒོ་རྒྱག་དགོས་པའི་བཀའ་བཏང་རྗེས། གཞུང་ཚབ་ཁང་དེའི་ནང་དུ་ཡིག་ཆ་མང་པོ་ཞིག་མར་བསྲེགས་གཏོང་བཞིན་ཡོད་པའི་བརྙན་ཐུང་ཞིག་ཀྱང་མཐོང་རྒྱུ་འདུག

གཞན། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཚོང་གཉེར་ཁང་ཁག་ལ་ཚོང་གཉེར་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་དང་མཉམ་དུ་ལས་ཀ་བྱེད་མཁན་གྱི་ཚོགས་པ་གང་ཞིག་ཡིན་རུང་དྲ་ཇག་གི་དཀའ་ངལ་དང་གསང་ཞིབ་མྱུལ་ལྟ་བྱེད་པའི་དཀའ་ངལ་བཅསས་དཀའ་ངལ་རིམ་པ་མང་པོ་འཕྲད་ཡོད། དེར་བརྟེན། ཨ་རི་སྲིད་གཞུང་གིས་རྒྱ་གར་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་དང་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་དྲ་ཇག་འགོག་ཐབས་བྱ་རྒྱུ་ཡིན་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁི-ཝར་ཎི(Mark Warner)ལགས་ཀྱིས་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཉེ་ཆར་ཨ་རི་དང་རྒྱ་གར་གཉིས་ཀྱིས་དམག་སྦྱོང་ཞིག་མཉམ་དུ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་མཚུངས་ཨ་རི་གཞུང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་བ་དང་། ཨེ་ཤེ་ཡ་ནང་དུ་དམག་སྒར་བཙུགས་པ་སོགས་བྱས་ནས་རྒྱ་ནག་ལ་འཐབ་རྒོལ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།