23
Tue, Apr

༢༠༢༠་ལོའི་ཟླ་༦་ཚེས་༤་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཏོག་ནད་ཐད་རྒྱ་གཞུང་གིས་འགན་ཁུར་དགོས་པའི་ལས་འགུལ་ནང་དུ་འཛུལ་ཞུགས་བྱས་པའི་མི་རྣམས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༤ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉན་སྲིན་༡༩་པ་དང་འབྲེལ་བའི་ཐོག་རྒྱ་གཞུང་གིས་འཁྱོག་བཤད་དང༌། རྫུན་བཟོ་དང་ཧམ་བཤད་བྱས་པའི་རྐྱེན་གྱིས། ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པར། རྒྱ་གཞུང་ནས་འགན་ཁུར་བྱེད་དགོས་པའི་དགོས་འདུན་བཏོན་ནས་དྲ་ཐོག་ནས་ལས་འགུལ་སྤེལ།

དེ་ཡང་། དབུས་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་༥་ཚེས་༢༣་ནས་ཟླ་༦་པའི་ཚེས་༣་བར། ཉིན་གྲངས་བཅུའི་རིང་དྲ་ལམ་བརྒྱུད་ཏོག་ནད་ཐད་རྒྱ་གཞུང་གིས་འགན་ཁུར་དགོས་པའི(#MakeChinaAccountable2020)ལས་འགུལ་ཞིག་སྤེལ་ཡོད་པར་བོད་མི་གཙོས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་འདུག ལས་འགུལ་དེ་མཇུག་བསྡུས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེར་ལྟར་ན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གཞོན་ལྷན་ཁག་༨༨ ཙམ་གྱིས་སྣེ་ཁྲིད་འོག་ཉིན་གྲངས་བཅུའི་རིང་དྲྭ་ཐོག་གི་ལས་འགུལ་ #MakeChinaAccountable2020 ཞེས་པ་ལེགས་པར་གྲུབ་སྟེ་རྒྱ་ནག་གཞུང་ནས་སྟོང་ལོ་ཉི་ཤུའི་གོད་ཆགས་ཀྱི་འགན་ཆ་ཚང་ཞིག་འཁུར་དགོས་པའི་འབོད་སྐུལ་དེ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་སུ་ཁྱབ་སྤེལ་ཆེན་པོ་འགྲོ་ཐུབ་པ་བྱུང་སོང་། རྒྱལ་ཁབ་འདྲ་མིན་གྱི་མི་མང་རྣམས་ནས་ལས་འགུལ་འདིའི་ནང་མཉམ་ཞུགས་ཀྱིས་ད་བར་མི་གྲངས་ཆིག་འབུམ་ཆིག་ཁྲི་བདུན་སྟོང་བཞི་བརྒྱ་དྲུག་ཅུ་རེ་ལྔ་ ༡༡༧༤༦༥ ཙམ་ལ་སླེབས་ཐུབ་བྱུང་ཤིང༌། མི་གྲངས་དྲུག་ཁྲི་སྟོང་མེད་བདུན་བརྒྱ་བཅུ་གཅིག་༦༠༧༡༡ ཙམ་ནས་དངོས་སུ་ལས་འགུལ་ནང་དུ་མཉམ་ཞུགས་ཀྱིས་བརྙན་པར་འགྲེམས་སྤེལ་དང༌། མི་གྲངས་ཁྱོན་ཆིག་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱ་དང་བདུན་ཅུ་དོན་དྲུག་ ༡༧༨༡༧༦ ཙམ་ནས་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་ནས། རྒྱ་དམར་སྲིད་གཞུང་གི་འགོ་ཁྲིད་ཞི་ཅིང་ཕིང་གཙོས་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རྒྱ་ནད་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་རྣམས་ལ་འཁྱོག་བཤད་དང༌། ཐོག་མཐའ་བར་གསུམ་གྱི་བྱུང་རིམ་སོགས་ལ་རྫུན་བཟོ་དང་ཧམ་བཤད་བྱས་པའི་རྐྱེན་གྱིས། ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་རབ་དང་རིམ་པ་མང་དག་ཅིག་བཟོས་དང་བཟོ་བཞིན་པར། རྒྱ་གཞུང་ནས་འགན་ཁུར་དང་ལེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་གྱི་ས་གནས་ཁག་དང་། དེ་མིན་དང་བླངས་ལས་འགུལ་བ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་དང་མ་བསྐུར་དང་བླངས་ཀྱིས་ལས་འགུལ་འདི་རྒྱུད་རྒྱ་ནག་གཞུང་ལ་ཡིག་ངག་གཉིས་ཐོག་ནས་རང་རང་གིས་དགོས་འདུན་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། ལོ་ངོ་དྲུག་ཅུའི་རིང་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཞི་བའི་འཐབ་རྩོད་མུ་མཐུད་ནས་རྒྱུ་སྐྱོང་བྱས་པར་བརྟེན་ད་ལྟའི་ཆར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོ་གདོང་ངོ་མ་ཕྱི་རུ་མངོན་དུ་བཅུག་ཡོད་པ་མ་ཟད། བོད་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་དབང་ལམ་ལུགས་མ་བྱུང་བའི་དཔེ་མཚོན་གྱི་རྒྱལ་ཁབ་གཅིག་ཡིན་པ་ཡང་ཤེས་སུ་བཅུག་ཡོད། །

རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་འཛིན་སྲིད་ཇུས་ཀྱི་རྐྱེན་པས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཚབས་ཆེ་བཟོ་བཞིན་ཡོད་པར་ང་ཚོ་ཚང་མས་མཉམ་རུབ་ཀྱིས་རྒོལ་ལེན་དང་། རྒྱ་ནག་གཞུང་ནས་འགན་འཁྲི་དང་ལེན་བྱེད་དགོས་པའི་དགོས་འདུན་བཏོན་དགོས་པ་མ་ཟད། མ་འོངས་པའང་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་འཛམ་གླིང་སྤྱིའི་བདེ་སྡུག་ལ་གནོད་པའི་ལས་ངན་བརྩམས་རྒྱུར་ཆོལ་ལེན་དང་འགག་རྒྱག་ངེས་པར་བྱེད་དགོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ད་ཐེངས་འཕྲུལ་ཆས་དང་དྲྭ་རྒྱའི་ནུས་ཤུགས་བེད་སྤྱོད་ཀྱིས་ཉིན་གྲངས་བཅུའི་དྲྭ་ཐོག་གི་ལས་འགུལ་ལེགས་གྲུབ་བྱུང་བར་སོང་། སླད་མ་འོངས་པར་ཡང་འདི་ལྟ་བུའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་ཏེ་བོད་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་འཛུལ་འོག་ནས་བར་ཐབས་བྱ་རྒྱུ་ཡིན། ཞེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།