18
Thu, Apr

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༥་ཉིན་སྤེལ། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡ་གྱལ་ཞིག་ཡིན། འདིས་འཛམ་གླིང་མི་མང་གི་འཕྲོད་བསྟེན་ཐོག་ལམ་སྟོན་གནང་གི་ཡོད་ལ། ཛ་དྲག་པའི་ནད་ཡམས་ཀྱི་སྐོར་ནས་ཀྱང་ལམ་སྟོན་དང་གསལ་བསྒྲགས་སྤེལ་གྱི་ཡོད།

དེ་ཡང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནི་ཕྱི་ལོ་༡༩༤༨་ལོར་སིད་ཝུ་སུའི་གྲོང་འཁྱེར་ཇེ་ནེ་ཝར་བཙུགས་ཤིང་། ད་ལྟའི་ཆར་རྒྱལ་ཁབ་༡༩༤་ཡི་ཚོགས་མི་ཡོད། ཡན་ལག་ལས་ཁུངས་༡༥༠་ཡོད་པ་དང་ལས་བྱེད་༧༠༠༠་ཡོད། ལྷན་ཁང་འདི་ལ་འཛམ་གླིང་མི་མང་གི་འཕྲོད་བསྟེན་ལ་ལྟ་སྐྱོང་བྱེད་མཁན་ཞེས་བརྗོད་ཀྱི་ཡོད། དེའི་དམིགས་ཡུལ་ནི་མི་ཚང་མའི་འཕྲོད་བསྟེན་གྱི་བདེ་ཐང་ཚད་མཐོར་ཡོང་ཐབས་བྱེད་རྒྱུ་དེ་ཡིན།

སྤྱིར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ལས་འགན་གཙོ་བོ་ཁག་ནི། རྒྱལ་ཁབ་ཡང་ན་ས་གནས་གང་དུ་གློ་བུར་དུ་ནད་ཡམས་ཤིག་ཁྱབ་ཚེ། འཛམ་གླིང་ལ་ནད་ཡམས་དེ་ག་དུས་ཛ་དྲག་ཆགས་མིན་གྱི་ཐད་ནས་ཉེན་བརྡ་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནད་ཡམས་དེར་བཅོས་ཐབས་དང་སྨན་ཁབ་བཟོ་རྒྱུའི་ཐད་ཉམས་ཞིབ་དང་བརྟག་དཔྱད་བྱེད་རྒྱུ། ནད་ཡམས་འབྱུང་ཡུལ་གྱི་རྒྱལ་ཁབ་ཡང་ན་ས་གནས་ལ་དཔྱད་ཞིབ་པ་བཏང་ནས་ནད་ཡམས་དེའི་གནས་ཚུལ་བསྡུ་རུབ་དང་བརྟག་དཔྱད་བྱེད་རྒྱུ་བཅས་ཡིན། ད་དུང་། གཉན་ནད་རེག་དུག་དང་། སྐྲན་ནད། སྙིང་ནད་བཅས་བཅོས་ཐབས་གནང་བར་མ་ཟད། ཟས་བཅུད་ཀྱིས་མ་འདང་བའི་འཛམ་གླིང་གི་བྱིས་པ་དབུལ་བོ་ཚོར་ཟས་བཅུད་དང་། འཐུང་ཆུ་གཙང་མ། སྨན་ཁབ་བཅས་ཀྱི་མཐུན་སྦྱོར་གནང་རྒྱུ་སོགས་ཡིན།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནི་རྒྱ་ཆེན་ཞིག་ཡིན་ནའང་། ལྷན་ཁང་དེས་རྒྱལ་ཁབ་ཅིག་ལ་ནད་ཡམས་་སྔོན་འགོག་དང་མི་མང་གི་འཕྲོད་བསྟེན་བདེ་ཐང་ཆེད་ལམ་སྟོན་གནང་ཆོག་པ་ལས། ལམ་སྟོན་དེ་དག་ལག་ལེན་དུ་བསྟར་དགོས་པའི་བཀའ་རྒྱ་གཏོང་མི་ཆོག

སྤྱིར་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ལྷན་ཁང་དེའི་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་གནང་བར་གཞིར་བཞག་ཐོག་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་། ༢༠༢༠་ལོའི་ལོ་འགོར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་སྲིན་འབྱུང་སྐབས། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ནས་གནས་ཚུལ་གང་སྤྲད་པ་དེ་བདེན་པར་བཟུང་སྟེ། ནད་ཡམས་འདི་ནི་ཉེན་ཚབས་ཅན་མིན་པའི་སྐོར་དང་། མི་ནས་མིའི་བར་འགོས་ཀྱི་མེད་པའི་སྐོར་སོགས་འགྲེལ་བརྗོད་བྱས་ཡོད། དེར་བརྟེན། རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ལམ་སྟོན་ལ་གཞིར་བཞག་ཐོག་རྒྱལ་མཚམས་སྒོ་རྒྱག་པ་དང་རྒྱལ་ནང་ཐེམ་སྤང་གི་བཀའ་རྒྱ་གཏོང་མེད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ལམ་སྟོན་དེའི་རྐྱེན་བྱས་ཏེ། ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་དང་། ཨ་ཤེ་ཡ། ཨ་ཧྥི་རི་ཁའི་རྒྱལ་ཁབ་སོགས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད། ད་སྔ་འཛམ་གླིང་ཡོངས་ལ་ཁྱོན་མི་ས་ཡ་གསུམ་དང་ཕྱེད་ཀ་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པ་དང་། མི་༢༥༡༠༠་ལྷག་འདས་གྲོངས་སུ་ཕྱིན་ཡོད། དེའི་ཁྲོད་ནས་ཨ་རིར་མི་ས་ཡ་གཅིག་ལྷག་ནད་དུག་དེ་ཕོག་ཡོད་པ་དང་། མི་༦༧༠༠༠་ལྷག་གི་འདས་གྲོངས་སུ་ཕྱིན་ཡོད།

དེར་བརྟེན། ཨ་རི་སྲིད་གཞུང་གིས་རྒྱ་གཞུང་གིས་ཏོག་ནད་ཐོག་མར་འབྱུང་སྐབས་ནས་གནས་ཚུལ་སྦས་གསང་བྱས་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ནད་དུག་དེའི་དངོས་ཡོད་གནས་ཚུལ་བརྟག་དཔྱད་བྱས་ཐུབ་མེད་པ་མ་ཟད། རྒྱ་གཞུང་གིས་ནད་ཡམས་དེའི་ཐོག་གནས་ཚུལ་གང་སྤྲད་པར་ཡིད་ཆེས་བྱས་ནས་འཛམ་གླིང་ལ་ནད་ཡམས་དེའི་སྐོར་ཉེན་ཚབས་ཅན་མིན་པར་གསལ་བསྒྲགས་ཀྱི་ལམ་སྟོན་བྱས་པའི་རྐྱེན་བྱས་ཏེ། ཨ་རིར་མི་དང་དཔལ་འབྱོར་སོགས་ཀྱི་ཐོག་གྱོང་གུད་ཆེན་པོ་སྤྲད་པར་བརྟེན། ཨ་རི་ཡིས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་ལོ་རེར་རོགས་དངུལ་ཞལ་འདེབས་འབོར་ཆེན་སྤྲོད་ཀྱི་ཡོད་པ་དེ། གནས་སྐབས་རིང་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།

གཞན་ཡང་། ཉི་ཧོང་དང་། ཨོ་གླིང་། འཇན་མན། དབྱིན་ལན། ཧྥ་རན་སི། ཨ་ཧྥི་རི་ཁའི་རྒྱལ་ཁབ་སོགས་ཀྱིས་རྒྱ་གཞུང་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱེད་བཞིན་ཡོད། ད་ལྟར་འཛམ་གླིང་རྒྱལ་ཁབ་༡༨༠་ལྷག་ལ་ནད་ཡམས་ཤུགས་ཆེན་ཁྱབ་ནས་མིའི་ཚེ་སྲོག་དང་། འཕྲོད་བསྟེན། དཔལ་འབྱོར་བཅས་ལ་དཀའ་ངལ་ཤུགས་ཆེན་སྤྲད་པའི་རྒྱུ་མཚན་ནི། དང་ཐོག་རྒྱ་གཞུང་གིས་ཏོག་ནད་དང་འབྲེལ་བའི་གནས་ཚུལ་སྦས་གསང་བྱས་པ་དང་། དེ་ནས་རྒྱལ་ཁབ་ཚང་མས་འཕྲོད་བསྟེན་ལམ་སྟོན་ཞུ་ཡུལ་གྱི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཝུ་ཧན་དུ་ཕྱིན་ནས་ནད་ཡམས་དེའི་ཐོག་བརྟག་དཔྱད་བྱེད་རྒྱུའི་ཚབ་ཏུ་རྒྱ་གཞུང་གིས་གང་བཤད་པར་ཉན་པའི་དབང་གིས་གནས་ཚུལ་འདི་ལྟར་ལྷག་པ་ཡིན་པའི་སྐོར་བརྒྱུད་ལམ་ཁག་ན་གསལ་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་རོགས་དངུལ་ཞལ་འདེགས་མང་ཤོས་གནང་མཁན་གྱི་རྒྱལ་ཁབ་ཁག་ནི། དང་པོ་ཨ་རི་ཡིན། ༢༠༡༩་ལོར་ཨ་རི་ཡིས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་ཞལ་འདེབས་ཨ་སྒོར་ས་ཡ་ཁྱོན་༨༩༣་གནང་འདུག གཉིས་པ་ནི། དབྱིན་ཡུལ་ཡིན་པ་དང་ཨ་སྒོར་ས་ཡ་ཁྱོན་༤༣༥་དང་། གསུམ་པ་ནི། འཇར་མན་ཡིན་པ་དང་ཨ་སྒོར་ས་ཡ་༢༩༢་གནང་འདུག བཞི་པ་ནི། ཉི་ཧོང་ཡིན་པ་དང་ཨ་སྒོར་ཁྱོན་༢༡༥་གནང་འདུག རྒྱ་ནག་ནི་ཨང་བདུན་དེ་ཡིན་འདུག རྒྱ་ནག་གིས་ས་ཡ་༨༦ གནང་འདུག དེ་བཞིན་འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་ལ་དྭངས་བླངས་ངང་ཐེབས་རྩ་ཁང་ཁག་གིས་ཞལ་འདེབས་ཤུགས་ཆེན་གནང་གི་ཡོད་འདུག དེའི་ནང་ནས་བྷི་ལི་དང་མེ་ལིན་ཌ་གྷད་ཚི་ཐེབས་རྩ་ཡིས་༢༠༡༩་ལོར་ཨ་སྒོར་ས་ཡ་༥༣༡་གནང་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་མི་ཡིན་པའི་རྒྱལ་ཁབ་ཚོས་ལོ་རེར་ཨ་སྒོར་ཐེར་འབུམ་༢༠༠་ལྷག་སྤྲོད་དགོས་ཤིང་། གཞན་དྭངས་བླངས་ངང་ནས་ག་ཚོད་སྤྲོད་ཀྱང་སྤྲོད་ཆོག་གི་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ད་བར་རྒྱལ་སྤྱིའི་ཐོག་ནས་ནད་ཡམས་དྲུག་ལ་གདོང་ལེན་བྱེད་ཐབས་བྱས་འདུག དེའི་ཁྲོད་ནས་༢༠༡༤་ལོར་ནུབ་ཨ་ཧྥི་རི་ཁར་བྱུང་བའི་ནད་ཡམས་ཨེ་བྷོ་ལ(Ebola)་དང་། ༢༠༡༦་ལོར་ཛི་ཀ(Zika)། ད་ལོར་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་སྲིན་༡༩་པ(Covid 19)བཅས་ཡིན།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།