19
Fri, Apr

རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༢༤་ཉིན། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་འདུ་འཛོམས་སྤོང་བ་ནི་ཏོག་དབྱིབས་ནད་དུག་སྔོན་འགོག་ཐབས་ལམ་ཁོ་ན་ཡིན་པས། རྒྱལ་ཡོངས་སུ་བདུན་ཕྲག་གསུམ་རིང་འགྲོ་འོང་བཀག་སྡོམ་བྱས་རྒྱུ་ཡིན། དགོས་ངེས་ཅན་གྱི་ཚོང་ཁང་རིགས་སྒོ་འབྱེད་རྒྱུ་ཡིན་པར་གསལ་བསྒྲགས་སྤེལ་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་སི་ཨན་ཨན་དང་རྒྱ་གར་དུས་བབ་བཅས་ཀྱི་གནས་ཚུལ་སྤེལ་ལྟར་ན། ད་སྔ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཕོག་མཁན་མི་གྲངས་འབུམ་བཞི་དང་ཁྲི་གཉིས་གཉིས་སྟོང་ལྷག་བྱུང་ཡོད་པ་དང་། ཏོག་དབྱིབས་ནད་དུག་མང་ཤོང་བྱུང་བའི་རྒྱ་ནག་ཕུད། ད་ལྟར་ཡུ་རོབ་རྒྱལ་ཁབ་ཨེ་ཊར་ལི་ཡིན་ཞིང་། དེར་ནད་དུག་ཕོག་མཁན་གྲངས་ཁྲི་དྲུག་དང་དགུ་སྟོང་བྱུང་ཡོད་འདུག དེའི་ཁྲོད་མི་གྲངས་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་འདས་གྲོངས་སུ་ཕྱིན་འདུག དེའི་རྗེས་ཨ་རི་ཡིན་པ་དང་། ཨ་རིར་ཏོག་དབྱིབས་ནད་དུག་ཕོག་མཁན་ཁྲི་ལྔ་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་དྲུག་བྱུང་ཡོད་པ་དང་། དེའི་ཁྲོད་མི་གྲངས་བདུན་བརྒྱ་ལྔ་འདས་གྲོངས་སུ་ཕྱིན་འདུག ད་སྔ་རྒྱ་གར་ནང་དུ་ཏོག་དབྱིབས་ནད་པ་ཕོག་མཁན་མི་གྲངས་༥༦༢་བྱུང་ཡོད་པ་དང་། མི་གྲངས་༡༡་འདས་གྲོངས་སུ་ཕྱིན་འདུག

གཞན། གོང་ཚེས་ཉིན། རྒྱ་གར་སྲིད་བློན་མོ་ཌི་མཆོག་གིས་ཐད་སྟོན་བརྒྱུད་ནས་རྒྱལ་ཡོངས་མི་མང་ལ་བསྒྲགས་དོན། འཛམ་གླིང་ནང་ཏོག་དབྱིབས་ནད་དུག་རྐྱེན་གྱིས་ཛ་དྲག་གི་གནས་སྟངས་ཆགས་བཞིན་ཡོད་པར་ཁྱོད་ཚོས་གསར་འགྱུར་བརྒྱུད་ནས་མཐོང་ཡོད། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཁག་མང་པོ་ཞིག་ནད་དུག་དེར་གདོང་ལེན་བྱེད་ཐབས་བྲལ་ནས་ལྷག་ཡོད། རྒྱལ་ཁབ་དེ་ཚོས་ནད་ཡམས་དེའི་ཐོག་ནུས་ཤུགས་སྟོན་གྱི་མེད་པ་དང་། མཐུན་རྐྱེན་མེད་པ་མ་རེད། འོན་ཀྱང་། ཏོག་དབྱིབས་ནད་དུག་འདི་ཁྱབ་གདལ་ཧ་ཅང་མགྱོགས་པོ་འགྲོ་བའི་རྐྱེན་གྱིས་ནུས་ཤུགས་ཚང་མ་ནུས་མེད་གྱུར་ནས་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད། དེར་བརྟེན། ཏོག་དབྱིབས་ནད་དུག་བྱུང་བའི་རྒྱལ་ཁབ་དེ་ཚོས་དང་ཆེད་ལས་པ་ཚོས་འདས་པའི་ཟླ་བ་གཉིས་ཀྱི་ནང་དུ་བརྟག་དཔྱད་བརྒྱུད་ནས་བརྗོད་དོན་ལྟར་ན། འདུ་འཛོམས་སྤོང་བ་(Social distancing)ནི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ལམ་ཁོ་ན་ཡིན་པ་འགྲེལ་བརྗོད་བྱས་འདུག དེ་ནི་མི་ཕན་ཚུན་རྒྱང་འགྱེད་དང་། ཁྱིམ་དུ་སྡོད་རྒྱུ་དེ་རེད། དེ་ལས་ད་སྔ་ཏོག་དབྱིབས་ནད་དུག་འགོག་ཐབས་མེད། གལ་སྲིད་ང་ཚོས་ནད་དུག་དེ་ཁྱབ་པ་མཚམས་འཇོག་ དགོས་ན། ང་ཚོས་ནད་ཡམས་ཁྱབ་གདལ་གྱི་རྒྱུན་འཁོར་དེ་གཅོད་དགོས། དེར་བརྟེན། ཉིན་༢༡་རིང་ཁྱིམ་དུ་བསྡད་ནས་ཕྱིར་མ་ཐོན། འདི་ནི་ཁྱོད་རང་དང་ཁྱོད་ཀྱི་ནང་མི། རྒྱ་གར་གྱི་མི་སེར་རེ་རེ་དང་རྒྱ་གར་སྐྱོབ་ཐབས་ཡིན། དེ་བཞིན་མི་མང་ཚོས་ཅ་དངོས་ཧུབ་ཉོ་མི་བྱེད། ཟས་རིགས་དགོས་ངེས་ཅན་གྱི་ཚོང་ཁང་། སྨན་ཁང་། དངུལ་ཁང་དང་ཨེ་ཊོམ་ཨེམ(ATM)་བཅས་སྒོ་མུ་མཐུད་ནས་འབྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག

རྒྱ་གར་གཞུང་གིས་དབུས་དང་མངའ་སྡེ་གཞུང་ཁག་ལ་བཏང་བའི་བཀའ་རྒྱ་ཁག་ནི་གཤམ་གསལ།

དང་པོ། རྒྱ་གར་གཞུང་གི་བདེ་སྲུང་ལས་ཁུངས་དང་། ཉེན་རྟོག་ལས་ཁུངས། སྤྱི་མང་སྣུམ་བླུགས་ཁང་། གོད་ཆག་དོ་དམ་ལས་ཁུངས། གློག་ལས་ཁང་། སྦྲགས་ཁང་། རྒྱལ་ཡོངས་གནས་ཚུལ་ལྟི་གནས་ཁང་། བཅས་མ་གཏོགས་གཞན་གཞུང་གི་ལས་ཁུངས་ཚང་མ་སྒོ་རྒྱག་དགོས། གཉིས་པ། མངའ་སྡེ་གཞུང་གི་ལས་ཁུངས་ཁག་གི་ནང་ནས་ཉེན་རྟོག་དང་བདེ་སྲུང་ལས་ཁུངས། མེ་དང་ཛ་དྲག་གི་ལས་ཁུངས། གོད་ཆག་དོ་དམ་ལས་ཁུངས། བཙོན་ཁང་། རྫོང་གི་འཛིན་སྐྱོང་ལས་ཁུངས། གློག་དང་ཆུ། གཙང་སྦྲགས་བྱེད་མཁན་བཅས་མ་གཏོགས་གཞན་ལས་ཁུངས་ཚང་མ་སྒོ་བརྒྱབ་ནས་ཁྱིམ་ནས་ལས་དོན་གཉེར་དགོས། གསུམ་པ། སྨན་ཁང་དང་སྨན་ཚོང་ཁང་། དེ་བཞིན་སྨན་བཟོ་ཁང་། མྱུར་སྐྱོབ་རླུང་འཁོར། སྨན་པ་དང་སྨན་ཞབས་པར་རླུང་འཁོར་བེད་སྤྱོད་ཆོག་པ། བཞི་པ། ཟས་རིགས་དགོས་ངེས་ཅན་གྱི་ཚོང་ཁང་དང་། དངུལ་ཁང་དང་ཨེ་ཊོམ་ཨེམ(ATM)། རྒྱང་བསྲིངས་གནས་འབྲེལ་ཁང་། དྲ་རྒྱ་ཞབས་ཞུ་ཁང་མ་གཏོགས། གཞན་གཞུང་དང་སྒེར་གྱི་ཚོང་གཉེར་ཁང་ཚང་མ་སྒོ་རྒྱག་དགོས། ལྔ་པ། ལས་གྲྭ་ཁང་ནང་ནས་དགོས་ངེས་ཅན་གྱི་ཟས་རིགས་དང་ཅ་ལག་བཟོ་བསྐྲུན་ཁང་མ་གཏོགས་གཞན་བཟོ་གྲྭ་ཚང་མ་སྒོ་རྒྱག་དགོས།

དྲུག་པ། དགོས་ངེས་ཅན་གྱི་ཟས་རིགས་སོགས་ཀྱི་སྐྱེལ་འདྲེན་རླུང་འཁོར། མེ་གསོད་རླངས་འཁོར་མ་གཏོགས། གཞན་གནམ་གྲུ་དང་མེ་འཁོར། རླངས་འཁོར་ཚང་མ་འགོག་རྒྱུ། བདུན་པ། སྣེ་ལེན་བྱེད་ཡུལ་མགྲོན་ཁང་ནང་ནས་ད་ལྟར་རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་པར་བརྟེན་ནས་ལུས་ཡོད་པའི་ཡུལ་སྐོར་སྤྲོ་འཁྱམ་པ་སྡོད་ཡོད་པའི་མགྲོན་ཁང་། མི་ཚོ་རང་ཉིད་ཟུར་བཀག་བྱས་ནས་བསྡད་ཡོད་པའི་མགྲོན་ཁང་་མ་གཏོགས་གཞན་མགྲོན་ཁང་ཚང་མ་སྒོ་རྒྱག་དགོས། བརྒྱད་པ། ཤེས་ཡོན་སྡེ་ཚན་ཁག་གི་སློབ་གྲྭ་དང་། སྦྱོང་བརྡར་ཁང་། ཉམས་ཞིབ་ཁང་སོགས་ཚང་མ་སྒོ་རྒྱག་དགོས། དགུ་པ། དགོན་པ་ཁག་ཚང་མ་སྒོ་རྒྱག་དགོས། བཅུ་པ། སྤྱི་ཚོགས་དང་ཆབ་སྲིད། རྩེད་རིགས་། རིག་གཞུང་། ཆོས་ཕྱོགས་བཅས་ཀྱི་བྱེད་སྒོ་ཚང་མ་སྤེལ་མི་ཆོག་པ་གནས་སྐབས་རིང་མཚམས་འཇོག་དགོས། བཅུ་གཅིག གལ་སྲིད་མི་གྲོངས་པ་བྱུང་ན་འདས་ཆོས་ཆེད་མི་གྲངས་༢༠་ལས་མང་བ་འཛོམས་མི་ཆོག་པ། བཅུ་གཉིས། རྒྱ་གར་ལ་མི་སུ་ཡིན་རུང་ཕྱི་རྒྱལ་ནས་ཟླ་༢་ཚེས་༡༥་ནས་ཚུར་སླེབས་པའི་མི་རྣམས་རང་ཉིད་ཟུར་བཀག་བྱས་ནས་འདུག་དགོས། གལ་སྲིད་དེ་ལྟར་མ་བྱས་ན་ཁྲིམས་གཞི་ཨང་༡༨༨་ལག་བསྟར་བྱ་རྒྱུ་ཡིན། བཅས་ཡིན་འདུག

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།