20
Sat, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༡༡་ཉིན། ༸གོང་ས་མཆོག་དང་ཨ་རིའི་ཝ་ཤིན་ཏུན་མངའ་སྡེའི་སྤྱི་ཁྱབ་འགན་འཛིན(Cyrus HabibHabib)རྣམ་གཉིས། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༡༡ ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་གི་མཇལ་ཁ་ཁང་དུ། ༸གོང་ས་མཆོག་གིས་ཨ་རི་ནས་ཕེབས་པའི་༢༠༢༠་ལོའི་བྱམས་བརྩེ་ཞེས་པའི་སྐུ་ཚབ་གྲངས་༢༤་ལ་མཇལ་ཁ་གནང་སྐབས། ང་ཚོ་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག

དེ་ཡང་། ཨ་རིའི་ཝ་ཤིན་ཏུན་མངའ་སྡེའི་སྤྱི་ཁྱབ་འགན་འཛིན་ས་ཡ་རུ་ས་ཧ་བྷི(Cyrus HabibHabib) གྱིས་འགོ་ཁྲིད་པའི་༢༠༢༠་བྱམས་བརྩེའི་སྐུ་ཚབ་དང་། ཨ་རི་ཝ་ཤིན་ཏོན་སྤྱི་མང་གི་ཚོགས་པའི་ཚོགས་མི་(Association of Washington Generals)། མང་ཚོགས་ཀྱི་འགོ་ཁྲིད། མཐོ་སློབ་སློབ་མའི་སྐུ་ཚབ་དྲུག་བཅས་རྡ་སར་ཕེབས་ནས་དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་སྦྲགས། ཨ་རིའི་རྒྱལ་ས་ཝ་ཤིན་ཏོན་གྱི་གྲོང་འཁྱེར་སེ་ཨ་ཊེལ་ནས་སློབ་གྲྭ་ཁག་གི་ལོ་ན་༡༦་ནས་༢༦་དབར་གྱི་གཞོན་སྐྱེས་གྲངས་༧༠༠་ནས་༨༠༠་བཅས་ལ། ༸གོང་ས་མཆོག་གིས་མི་རབས་རྗེས་མར་བྱམས་བརྩེ་འདེབས་པ་ཞེས་པའི་བརྗོད་གཞིའི་ཐོག་ཐད་གཏོང་གནང་ནས་བཀའ་སློབ་སྩལ་འདུག གཞན་ཡང་གནམ་གཤིས་འགྱུར་ལྡོག་དང་། སྤྱི་ཚོགས་ཀྱི་ནང་འདྲ་མཉམ་ཡོང་ཐབས། མི་མང་གི་བསམ་ཚུལ་ཆབ་སྲིད་ཀྱི་ནང་དུ་འཇུག་ཐབས་སོགས་ཀྱི་ཐོག་བགྲོ་གླེང་གནང་འདུག

དེའི་སྐབས། ༸གོང་ས་མཆོག་གིས་གསུང་དོན། གོ་སྐབས་འདི་འདྲ་རིན་ཐང་ཆེན་པོ་མཐོང་གི་ཡོད། ངོས་ནི་འཛམ་གླིང་ཐོག་གི་མི་དུང་ཕྱུར་བདུན་ཅུའི་ནང་གཅིག་རྩིས་བཞིན་ཡོད། ང་ཚོ་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། དེ་བཞིན་ཨ་མའི་བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་རེད། ཕྲུག་གུ་ཚོས་ཨ་མ་དང་གྲོགས་གྲོགས་མོའི་བྱམས་བརྩེ་ལ་རེ་འདོད་བྱེད་ཀྱི་ཡོད། ངོས་ཀྱི་བྱམས་བརྩེའི་དགེ་རྒན་ཐོག་མ་ནི་ངོས་ཀྱི་ཨ་མ་ཡིན། དེང་སང་གི་ཤེས་ཡོན་ནང་དུ་ངེས་པར་དུ་ཕྱིའི་འཕྲོད་བསྟེན་དང་ནང་གི་འཕྲོད་བསྟེན་གྱི་ཤེས་ཡོན་སློབ་དགོས་གལ་ཆེན་པོ་རེད། སེམས་བཟང་པོ་ནི་བྱིས་པའི་རང་བཞིན་ལ་ཡོད། ད་ལྟར་ང་ཚོས་ཤེས་ཡོན་ཐོག་ནས་སློབ་དགོས། བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ནི་མི་སྒེར་དང་། སྤྱི་ཚོགས་སོགས་ལ་བདེ་སྐྱིད་ལྡན་པའི་མི་ཚེ་ཡོང་བར་ཧ་ཅང་ཕན་ཐོགས་ཀྱི་ཡོད་པ་མ་ཟད། ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད། ཚན་རིག་པས་གལ་སྲིད་ང་ཚོ་ཡང་སྲིད་ཁོང་ཁྲོ་ལངས་པ་ཡིན་ན་ང་ཚོའི་ནད་འགོག་མ་ལག་འཕྲོ་བརླག་གཏོང་གི་ཡོད་པ་དང་། ཞི་བདེ་ལྡན་པའི་སེམས་ཞིག་གིས་ང་ཚོའི་ནད་འགོག་མ་ལག་ལ་ཕན་ཐོགས་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད།

ང་ཚོས་བྱམས་བརྩེ་དང་སྙིང་རྗེའི་ཐོག་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད། འདི་ཚོ་ནི་བོད་སྐད་ཡིག་གི་ནང་དུ་ཆ་ཚང་བ་ཞིག་ཡོད། དེར་བརྟེན། ངོས་ཀྱིས་བོད་ཀྱི་སྐད་ཡིག་ཉར་ཚགས་དང་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། ངོས་ཀྱི་ཐུགས་ཀྱི་དམ་བཅའ་བཞི་པ་ནི་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་བྱེད་ཐབས་བྱེད་ཀྱི་ཡོད་ཅེས་སོགས་གསུངས་སོང་།

དེའི་རྗེས། ༢༠༢༠་བྱམས་བརྩེའི་སྐུ་ཚབ་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། དེའི་ཐོག ཨ་རིའི་ཝ་ཤིན་ཏོན་མངའ་སྡེའི་སྤྱི་ཁྱབ་འགན་འཛིན་ས་ཡ་རུ་ས་ཧ་བྷི(Cyrus Habib)་ལགས་གྱིས་ཐེངས་འདི་རྡ་སར་སླེབས་པ་ནས་༸གོང་ས་མཆོག་དང་ཐུག་འཕྲད་སྐོར་གྱི་ཐོག་ངོ་སྤྲོད་གནང་དོན། ༢༠༢༠་བྱམས་བརྩེ་ལས་གཞི་འདི་ཨ་རིའི་ནང་དུ་གཞོན་སྐྱེས་ཚོས་སྤྱི་ཚོགས་ཀྱི་ནང་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་། དེ་དང་འབྲེལ་བའི་ལས་གཞི་འགོ་འཛུགས་བྱ་རྒྱུ་ཡིན་པར་༸གོང་ས་མཆོག་ལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་སོང་། ༸གོང་ས་མཆོག་གིས་བྱམས་བརྩེ་ལྡན་པའི་ཤེས་ཡོན་གལ་ཆེན་ཡིན་སྐོར་དང་། གཞན་ཕན། རང་ལས་གཞན་གཅེས། དམིགས་གསལ་ཨ་རི་ཡིས་འཛམ་གླིང་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་དོ་འཁུར་མང་ཙམ་གནང་དགོས་པའི་བཀའ་སློབ་གནང་བྱུང་ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོ་རྡ་སར་སླེབས་ནས་ཉིན་ལྔ་ཕྱིན་སོང་། དེ་རིང་ནི་ཉིན་མཐའ་མ་རེད། ཉིན་འདི་དག་གི་རིང་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་འདྲ་དང་མཉམ་དུ་ཐུག་ཡིན། བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ནོར་བུ་གླི་ང་ཁ། བོད་ཀྱི་སྨན་རྩིས་ཁང་། བོད་ཁྱིམ་སློབ་གྲྭ སྒྲོལ་མ་གླིང་། སྙིང་སྟོབས་གླིང་། བཅས་ལ་ཕྱིན་པ་ཡིན། དེ་ནི་༢༠༢༠་བྱམས་བརྩེའི་སྐུ་ཚབ་ཚོར་བྱམས་བརྩེ་ཞེས་པ་འདི་དངོས་ཡོད་འཛམ་གླིང་གི་ཐོག་ཡོད་པ་འདི་མཐོང་བཅུག་པའི་ཆེད་དུ་ཡིན་ཞེས་བརྗོད་སོང་།

ཨ་རིའི་ཝ་ཤིན་ཏུན་མངའ་སྡེའི་སྤྱི་ཁྱབ་འགན་འཛིན་ས་ཡ་རུ་ས་ཧ་བྷི(Cyrus Habib)་ལགས་ནི་རང་ལོ་བདུན་ཡིན་སྐབས་ནས་མིག་ལོང་བ་ཆགས་ཡོད་པ་དང་། དེ་ནས་སྐྲན་ནད་ཐེངས་གསུམ་ན་ཡོད་ཀྱང་འཚོ་བཞུགས་ཐུབ་ཡོད་པས། ཁོང་ལ་མི་ཚེའི་ནང་དུ་དཀའ་ངལ་དེ་འདྲ་འཕྲད་ཡོད་ཀྱང་གདོང་ལེན་ཇི་ལྟར་བྱས་ཡོད་པའི་ཐོག་དྲི་བ་འདྲི་སྐབས། ཁོང་གིས་གསུང་དོན། ང་ལ་ཆགས་བཞག་ན་ཆུང་དུས་སྐབས་ནས་ནད་པ་ཆགས་རེད། སྐྱོ་བའི་རང་བཞིན་ཞིག་ཆགས་ཡོད། འོན་ཀྱང་། ངའི་ཕ་མ་དང་། ནང་མི། གྲོགས་པོ་གྲོགས་མོ་ཚོས་བརྩེ་བ་སྤྲད་པར་བརྟེན་ནས་ད་ལྟར་ཡག་པོ་ཆགས་ཡོད། ༸གོང་ས་མཆོག་གིས་ཁོང་གི་ཨ་མའི་བྱམས་བརྩེ་ཐོག་གསུངས་སོང་། དེས་ང་ཚོར་བརྩེ་བ་ཞེས་པ་འདི་ག་ཚོད་ཀྱི་གལ་ཆེན་པོ་ཡིན་པའི་ཐོག་དྲན་གསོ་བྱེད་བཅུག་སོང་། ང་སྙིང་སྟོབས་གླིང་དང་བོད་ཁྱིམ་སློབ་གྲྭར་ཕྱིན་སྐབས། བོད་ཕྲུག་ཚོ་དཀའ་ངལ་ཧ་ཅང་འཕྲད་ཡོད་པ་རྟོགས་སོང་། འོན་ཀྱང་། སློབ་གྲྭ་འདི་ཚོས་ཁོ་ཚོར་བརྩེ་བ་རླབས་ཆེན་སྤྲོད་བཞིན་ཡོད་པས་ང་སེམས་འགུལ་ཐེབས་སོང་། ཞེས་བརྗོད་སོང་།

བོད་མི་མང་གི་སྤྱི་འཐུས་ཟུར་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཐེངས་འདིའི་མཇལ་ཁ་དང་འབྲེལ་བའི་ཐོག་བརྗོད་དོན། ཨ་རིའི་ཝ་ཤིན་ཏོན་མངའ་སྡེ་སྤྱི་ཁབ་གཞོན་པའི་འགོ་ཁྲིད་པའི་འོག  ཁྲིམས་དཔོན། ཁྲིམས་རྩོད་པ། དགེ་རྒན་ཆེན་མོ། ཁེ་མེད་ཚོགས་པོའི་ཚོགས་མི། སྤྱི་ཚོགས་ཞབས་ཞུ་པ། མངའ་སྡེ་ཁྱོན་ཡོངས་ནས་ཡིག་རྒྱུགས་བཏང་ནས་འདེམས་སྒྲུབ་བྱས་པའི་སློབ་ཕྲུག་དྲུག་ཡོད་རེད། གཞོན་སྐྱེས་དྲུག་གི་ནང་དུ་བོད་པ་ཞིག་ཀྱང་ཡོད། ཁོ་ཚོས་མ་འོངས་པར་སྤྱི་ཚོགས་ཀྱི་ནང་དུ་ཞི་བདེ་གོང་འཕེལ་གཏོང་ཆེད་ཐབས་ཤེས་གཏོང་རྒྱུ་རེད། དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཀྱི་ནང་དུ་མ་འོངས་པའི་གཞོན་སྐྱེས་ཚོར་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་དེ་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ཡང་། ཟླ་འདིའི་ཚེས་༨་ཉིན། ༢༠༢༠་བྱམས་བརྩེའི་སྐུ་ཚབ་ཚོར་བོད་མི་མང་སྤྱི་འཐུས་བསོད་ནམ་བསྟན་འཕེལ་ལགས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར། རྒྱ་གཞུང་གིས་བོད་ནང་གི་གནས་སྟངས་ཐོག་དྲིལ་བསྒྲགས་རྫུན་མ་བྱས་དང་བྱེད་བཞིན་པའི་སྐོར་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།