18
Thu, Apr

༢༠༡༩ལོའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་སྐོར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༩་ཉིན་སྤེལ། རྒྱ་གར་ནི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། དེང་སང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་འགྲོ་བཞིན་ཡོད་པ་རེད། ༢༠༡༩ལོའི་རྒྱ་གར་གྲོས་ཚོགས་འོག་མའི་ཐེངས་༡༧་པའི་འོས་བསྡུ་དེ། ཟླ་འདིའི་ཚེས་༡༡ཉིན་འགོ་འཛུགས་གནང་ནས་འོས་བསྡུ་རིམ་པ་བདུན་བྱེད་བཞིན་ཡོད་པ་དང་། ཟླ་༥་ཚེས་༡༩་ཉིན་འོས་བསྡུ་མཇུག་བསྡུས་ཀྱི་ཡོད་འདུག འོས་བསྡུ་ཡི་གྲུབ་འབྲས་དེ་ཟླ་༥་པའི་ཚེས་༢༣་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་འདུག

དེ་ཡང་། རྒྱ་གར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་༥༤༣་འོས་འདེམ་ས་ཁུལ་འདྲ་མིན་ནས་འོས་ཤོག་བླུག་ནས་འདེམ་གྱི་ཡོད་པ་དང་། རྒྱ་གར་སྲིད་འཛིན་མཆོག་གིས་དབྱིན་རྒྱའི་སྤྱི་ཚོགས་(Anglo-Indian community)་ནས་འཐུས་མི་གཉིས་འདེམ་ཆོག་གི་ཡོད་པ་དང་། འོས་བསྡུ་ཁྲོད་འོས་ཤོག་མང་ཤོས་ཐོབ་མཁན་ཚོགས་པ་ཡང་ན་ཟླ་སྒྲིལ་ཚོགས་པས་རྒྱ་གར་སྲིད་འཛིན་འདེམ་གྱི་ཡོད་འདུག

༢༠༡༩ལོའི་རྒྱ་གར་འོས་བསྡུ་ཆེན་པོ་དེར་འོས་ཤོག་འཕེན་མཁན་གྲངས་ས་ཡ་༩༠༠་ཡོད་པ་དང་། ལོ་སྔོན་མ་ལས་བསྡུར་པ་ཡིན་ན་ས་ཡ་དགུ་འོས་འཕེན་མཁན་མང་རུ་ཕྱིན་ཡོད་འདུག སྤྱི་༢༠༡༤་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་པོའི་སྐབས་སུ་རྒྱ་གར་རང་བཙན་ཐོབ་རྗེས་འོས་ཤོག་འཕེན་མཁན་ཚད་མཐོ་ཤོས་བྱུང་ཡོད་པ་འགྲེལ་བརྗོད་བྱས་ཡོད་རུང་། འོས་ཤོག་འཕེན་མཁན་གྲངས་ས་ཡ་༢༧༠་ལྷག་གི་འོས་ཤོག་བླུག་མེད་པ་རེད།

འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་པོའི་ནང་ཆབ་སྲིད་ཚོགས་གྲངས་༡༨༠༠་ལྷག་དང་འོས་མི་གྲངས་༨༠༠༠་ཙམ་གྱི་འོས་བསྡུ་ཡི་འགྲན་སྡུར་ནང་བཞུགས་རྒྱུ་ཡིན་པ་དང་། འོས་བསྡུ་ལྷན་ཚོགས་ཀྱིས་ཚོགས་པ་དང་འོས་མི་ཚོར་འོས་གཞིའི་སྒྲིག་ཁྲིམས་བརྩི་སྲུང་བྱེད་ནས་འོས་བསྡུ་དྲང་བདེན་བྱེད་དགོས་པ་བརྗོད་འདུག

༢༠༡༤ལོར་བྷི་ཇི་པི་(BJP)་ཚོགས་པ་ལ་གྲོས་ཚོགས་འོག་མའི་ནང་རྐུབ་བཀྱག་གྲངས་༥༤༣་ཡོད་པ་ནང་ནས་གྲངས་༢༨༢་ཐོབ་ནས་ལོ་བཅུའི་རིང་རྒྱ་གར་སྲིད་དབང་བཟུང་མཁན་མཉམ་མཐུན་ཡར་རྒྱས་ཚོགས་པ་(UPA)་དེ་ཕམ་ཁ་བཏང་བ་རེད། ད་ལོར་སྲིད་འཛིན་ན་རན་ཌིར་མོ་ཏི(Narendra Modi)་མཆོག་གིས་མངའ་སྡེ་ཡོ་པི(UP) ནང་གི་གྲོང་ཁྱེར་ཝ་ར་ན་སི(Varanasi)་ནས་འགོ་བཙུགས་ནས་འོས་བསྡུ་འགྲན་སྡུར་བྱས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་སམ་ཀོང་གྷི་རེ་སུ་ཚོགས་པ་ཚོགས་གཙོ་ར་ཧོ་གྷན་ཌི་(Rahal Gandhi )མཆོག་གིས་མངའ་སྡེ་ཡོ་པི(UP) ནང་གི་གྲོང་སྡེ་ཨ་མེ་ཐི་(Amethi) ནས་འགོ་བཙུགས་ཡོད་པ་རེད། གྲོང་སྡེ་ཨ་མེ་ཐི་ནི་གྷན་གྷི་ནང་མིའི་འོས་བསྡུ་ས་ཁུལ་ཡང་ན་རྒྱབ་སྐྱོར་མང་ཤོས་ཐོབ་སའི་ས་ཆ་ཞིག་ཡིན་འདུག

གཞན་ཡང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ར་ཇི་ཧྥོ་གྷན་ཌིའི་(Rajiv Gandhi) བུ་མོ་པུར་རི་ཡ་ཀ་གྷན་ཌི་(Priyanka Gandhi) ལགས་ད་ལོའི་འོས་བསྡུ་ནང་འོས་མི་ལངས་ཡོད་པ་དང་། ཁོང་མོས་རྒྱ་གར་མངའ་སྡེ་ཡོ་པི(UP) ནང་གི་གྲོང་ཁྱེར་ཝ་ར་ན་སི(Varanasi)་ནས་འགོ་བཙུགས་ཏེ་འོས་བསྡུ་འགྲན་སྡུར་བྱས་ཡོད་པ་རེད། ཁོང་མོས་འོས་བསྡུ་འདིའི་ནང་ཞུགས་དགོས་དོན་ནི། གྲོང་ཁྱེར་ཝ་ར་ན་སི(Varanasi)་ནང་ཁོང་མོར་འོས་མི་ལངས་རོགས་ཟེར་མཁན་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཙང་འོས་མི་ལངས་ཡིན་ཞེས་བརྗོད་འདུག ད་དུང་ཁོང་མོས་བརྗོད་དོན། གལ་སྲིད་ངའི་ཚོགས་པས་(ཀོང་གྷི་རེ་སུ་ཚོགས་པ)་ང་རང་འོས་བསྡུ་ཡི་འགྲན་བསྡུར་ནང་ཞུགས་འདོད་བྱས་པ་ཡིན་ན་ང་རང་འོས་མི་ལངས་ཐག་ཆོད་ཡིན།

རྒྱ་གར་ནང་འོས་ཤོག་བླུག་ཆོག་པའི་ཆ་རྐྱེན་ནི། དང་པོ་རྒྱ་གར་མི་སེར་ཡིན་པ་དང་། གཉིས་པ་ལོ་༡༨་ནས་ཡར་སོན་པ་དགོས་འདུག གསུམ་པ་འོས་བསྡུ་ལྷན་ཁང་ནས་བཟོས་གནང་བའི་འོས་ཤོག་བླུག་ཆོག་པའི་ངོས་འཛིན་ལག་འཁྱེར་བཅས་དགོས་འདུག

འོས་བསྡུ་སྐབས་སུ་འོས་ཤོག་འཕེན་མཁན་ཚོས་ལག་ཐོག་ཁ་པར་དང་པར་ཆས། གཞན་གློག་ཆས་རིགས་གང་ཡང་འོས་བླུག་སར་འཁྱེར་ཆོག་གི་མེད་པ་དང་། འོས་བསྡུ་ཡི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་བདུན་པ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་པ་བར་དུ་ཡིན་འདུག

འོས་འཕེན་མཁན་ཚོས་འོས་བླུག་སྐབས་ཆབ་སྲིད་ཚོགས་པའི་མིང་ཡང་ན་ཚོགས་པའི་རྟགས་ཡོད་པ་ཀྱང་། དེ་གཉིས་གང་རུང་འདེམ་ན་འགྲིག་གི་ཡོད་འདུག ཚོགས་པའི་རྟགས་འཇོག་དགོས་པའི་དམིགས་ཡུལ་ནི་ཡིག་རྨོངས་ཡིན་པའི་མི་དེ་ཚོའི་ཆེད་དུ་ཡིན་འདུག གལ་སྲིད་འོས་འཕེན་མཁན་འོས་མི་གཅིག་ལ་འོས་བླུག་འདོད་མེད་ན་གློག་གི་འོས་སྒམ་(EVE)་གྱི་མཐའ་མར་ཡོད་པའི་“གོང་ན་མི་འདུག”(NOTA-none of the above) ཅེས་པའི་རྟགས་གནོན་ཆོག་འདུག

འོས་བསྡུའི་ཉིན་མོ་འདི་ནི་ཟླ་༤་པའི་ཚེས་༡༡་ནས་འགོ་བཙུགས་སྟེ་ཟླ་དེའི་ཚེས་༡༨་དང་ཚེས་༢༣། ཚེས་༢༤་དང་ཚེས་༢༩། ཟླ་༥་པའི་ཚེས་༦། ཚེས་༡༩་བཅས་ཡིན་འདུག

༢༠༡༩ལོའི་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུ་ཡི་རིམ་པ་བདུན་བྱེད་ཀྱི་ཡོད་པའི་ནང་མངའ་སྡེ་ཁག་གི་འཐུས་མིའི་རྐུབ་བཀྱག་མང་ཉུང་ནི་མངའ་སྡེ་དེའི་མི་འབོར་གྱི་གྲངས་ཚད་ལ་རག་ལས་ཡོད་པ་རེད། འོས་བསྡུ་རིམ་པ་དང་པོ་ནི་ཟླ་༤་ཚེས་༡༡་ཉིན་འགོ་བཙུགས་ཚར་ཡོད་པ་དང་། རིམ་པ་གཉིས་པ་ནི་ཟླ་༤་ཚེས་༡༨་ཉིན་ཡིན་པ་དང་། རིམ་པ་གསུམ་པ་ནི་ཚེས་༢༣་ཉིན་ཡིན་པ་དང་། རིམ་པ་བཞི་པ་ནི་༢༩ཡིན་པ་དང་། རིམ་པ་ལྔ་པ་ནི་ཟླ་༥་ཚེས་༦་ཉིན་ཡིན་པ་དང་། རིམ་པ་དྲུག་པ་ནི་ཟླ་༥་ཚེས་༡༢་ཉིན་ཡིན་པ་དང་། རིམ་པ་བདུན་པ་ནི་ཟླ་༥་ཚེས་༡༩་ཉིན་ཡིན་འདུག དེ་ཡང་དཔེར་ན་འོས་བསྡུ་རིམ་པ་དང་པོའི་ནང་གི་འོས་བསྡུ་བྱས་ཡུལ་གྱི་མངའ་སྡེ་ཁག་དང་དེ་དག་གི་རྐུབ་བཀྱག་གྲངས་ཚད་ནི། ༡༽ཨན་ཌི་ར་མངའ་སྡེ(Andhra Pradesh) འཐུས་མིའི་རྐུབ་བཀྱག་༢༥་ཡོད་འདུག ༢༽ཨ་རུ་ན་ཆ་མངའ་སྡེ(Arunachal Pradesh)་རྐུབ་བཀྱག་གཉིས། ༣༽ཨ་སམ(Assam) རྐུབ་བཀྱག་ལྔ། ༤༽བྷེ་ཧ(Bihar) རྐུབ་བཀྱག་བཞི། ༥༽ཆ་ཏི་སི་གྷ(Chhattisgarh) )་རྐུབ་བཀྱག་གཅིག ༦༽ཇ་མོ་ཀ་ཤེ་མུར(Jammu and Kashmir) རྐུབ་བཀྱག་གཉིས། ༧༽མ་ཧ་ར་ཤེ་ཊ་ར( Maharashtra)རྐུབ་བཀྱག་བདུན། ༨༽མ་ནི་པུར( Manipur༠)་རྐུབ་བཀྱག་གཅིག ༩༽མེ་གྷ་ལ་ཡ་(Meghalaya) )་རྐུབ་བཀྱག་གཉིས། ༡༠༽མེ་ཛོ་རམ(Mizoram)་རྐུབ་བཀྱག་གཅིག ༡༡༽ན་གྷ་ལན་ཌི(Nagaland)་རྐུབ་བཀྱག་གཅིག ༡༢༽ཨོ་ཌི་ཤ( Odisha)་རྐུབ་བཀྱག་་བཞི། ༡༣༽སྒང་ཐོག་གམ་སི་ཀོམ(Sikkim)་རྐུབ་བཀྱག་གཅིག ༡༤༽ཏ་ལན་ན་གྷ(Telangana)་རྐུབ་བཀྱག་བཅུ་བདུན། ༡༥༽ཏ་རུ་པོ་ར( Tripura)་རྐུབ་བཀྱག་གཅིག ༡༦༽ཨོ་ཏི་ར་མངའ་སྡེ( Uttar Pradesh)་རྐུབ་བཀྱག་བརྒྱད། ༡༧༽ཨོ་ཏ་ཁན( Uttarakhand)་རྐུབ་བཀྱག་ལྔ། ༡༨༽ནུབ་བྷན་གྷ(West Bengal)་རྐུབ་བཀྱག་གཉིས། ༡༩༽ཨན་ཌ་མན་དང་ནི་ཀོ་བྷར་མཚོ་གླིང་(Andaman and Nicobar Islands)་རྐུབ་བཀྱག་གཅིག ༢༠༽ ལག་ཞ་ཌི་ཝ་ཕུ(Lakshadweep)་རྐུབ་བཀྱག་གཅིག་བཅས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།