16
Sun, Jun

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༢༠ཉིན། ཨོ་གླིང་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༢༡ཉིན་སྤེལ། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨོ་གླིང་ལ་འཚམས་གཟིགས་ཕེབས་སྐབས། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་གིས་སྲིད་སྐྱོང་མཆོག་ཨོ་གླིང་རྒྱལ་སར་ཡོད་པའི་གྲོས་ཚོགས་ནང་དུ་གདན་འདྲེན་ཞུས་ཡོད་འདུག སྐབས་དེར། གྲོས་ཚོགས་འཐུས་མི་བཅུ་གྲངས་ཤིག་གིས་བོད་ནང་གི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་བྱུས་བྱེད་པའི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༠ཉིན། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་རྒྱལ་ས་ཁན་བྷི་རར་ཡོད་པའི་གྲོས་ཚོགས་ནང་དུ་གདན་འདྲེན་ཞུས་ཡོད་ཅིང་། སྐབས་དེར། གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་སྐོར་དང་། ཆོས་དད་རང་དབང་ལ་བརྩི་མེད་བྱས་དང་བྱེད་ཡོད་སྐོར། དེ་བཞིན་བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་བཅུག་ནས་བཙན་དབང་གིས་གཏན་སྡོད་སློབ་གྲྭའི་ནང་དུ་བཅུག་གི་ཡོད་སྐོར། གཞན་ཡང་། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཐད་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་ཡོད་འདུག

གྲོས་ཚོགས་གོང་མའི་འཐུས་མི་ཇེ་ནེཊ་ར་ཧི་སི་ (Janet Rice) ལགས་ཀྱིས་ཨོ་གླིང་སྲིད་གཞུང་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་རྒྱ་ནག་གཞུང་གི་ཐེ་བྱུས་འགོག་སླད་སྲིད་བྱུས་གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཞུས་པའི་ཐོག རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་བར་ ༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་ལིན་ཊ་རེ་ནོལ་ (Linda Reynolds) ལགས་ཀྱིས་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་རྣམས་ནི་བོད་མིའི་ཕ་མ་དང་ཕྲུ་གུ་རྣམས་ལ་རང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་བྱེད་རྒྱུའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏང་བ་ཆགས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

དེ་ནས་གྲོས་ཚོགས་གོང་མའི་འཐུས་མི་ལི་ཊི་ཡ་ཐོར་པེ་ (Lidia Thorpe) ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་ཌེ་བྷོ་རཱ་ཨོ་ནིལ་ (Deborah O’Neill) ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་དང་། ཚད་ལས་བརྒལ་བའི་ཉེན་སྲུང་དམ་བསྒྲགས། གཞི་རྒྱ་ཆེ་བའི་བྱ་ར་ཉུལ་ཞིབ། འགྲུལ་སྐྱོད་ལ་དམ་བསྒྲགས་བྱེད་བཞིན་པར་བློ་འཚབ་བསྟན་པ་མ་ཟད། བོད་ནང་རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་གཏོང་བཞིན་པར་ཨོ་གླིང་སྲིད་གཞུང་ངོས་ནས་ཡ་ལན་གནང་དགོས་པ་མ་ཟད། མཐུན་ཕྱོགས་རྒྱལ་ཁབ་དང་ལག་སྦྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་གནང་བཞིན་པར་རྒྱབ་སྐྱོར་གནང་དགོས་པའི་རེ་འབོད་ཞུས་ཡོད།

གཞན་ཡང་གྲོས་ཚོགས་གོང་མའི་འཐུས་མི་ཀྲོ་ནི་ཤལ་ཊིན་ (Tony Sheldon) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ཇོར་ཊན་ཨི་སི་ཀྲིལ་ཇོན་(Jordon Steele John) ལགས། གྲོས་ཚོགས་གོང་མའི་འཐུས་མི་ནིག་མེག་ཀིམ་ (Nick McKim) ལགས་ཀྱིས་ཀྱང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དང་། ཞི་བའི་ངོ་རྒོལ་བ་འཛིན་བཟུང་། བཙན་པོའི་ངལ་རྩོལ་སྒྱུར་བཀོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པའི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་བསྟན་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།