19
Fri, Apr

ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡༧ ཉིན། བོད་མི་ཚོས་གཙུག་ལག་ཁང་ཉེ་འགྲམ་ནས་རྡ་ཤོད་ཀ་ཅཱ་རི་བར་ཞི་བའི་གོམ་བགྲོད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡༧ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤི་ཏི་(Spiti) ཀི་ནོར་(Kinnaur) ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་མི་གཙོས་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་སེར་སྐྱ་ཕོ་མོ་དང་རྒྱ་གར་བ། ཕྱི་རྒྱལ་བ་སོགས་མི་མང་མང་པོ་མཉམ་འཛོམས་བྱས་ཏེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླང་འཁོར་འབབ་ཚུགས་ནས་རྡ་ཤོད་ཀ་ཅཱ་རི་བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་ཚབས་ཆེན་བྱས་པར་ངོ་རྒོལ་སྐྱོན་བརྗོད་དང་། མཚན་སྨད་ཞུ་མཁན་ཡོངས་ནས་མགོན་པོ་གང་ཉིད་ལ་དགོངས་སེལ་ཞུ་དགོས་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤི་ཏི་(Spiti) ཀི་ནོར་(Kinnaur) ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་མི་གཙོས་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་སེར་སྐྱ་ཕོ་མོ་དང་སློབ་ཕྲུག རྒྱ་གར་བ། ཕྱི་རྒྱལ་བ་སོགས་མི་མང་མང་པོ་མཉམ་འཛོམས་བྱས་ཏེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླང་འཁོར་འབབ་ཚུགས་ནས་རྡ་ཤོད་ཀ་ཅཱ་རི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་སོང་། སྐབས་དེར། མི་མང་གིས་ཞི་བའི་གོམ་བགྲོད་གནང་ཤོར་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཚམས་འཇོག་དགོས། གནས་ཚུལ་རྫུན་བཟོ་བྱེད་མཁན་གྱི་གསར་ཁང་དང་སྤྱི་ཚོགས་དྲ་རྒྱའི་ཐོག་འདྲ་མིན་བཤད་སྤེལ་བྱེད་མཁན་རྣམས་ཀྱིས་༧གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་སོགས་ཀྱི་སྐད་འབོད་བྱས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་དུ་འཁོད་དོན། ཉེ་ཆར་ཕྱི་ལོ་༢༠༢༣ ཟླ་༢ ཚེས་༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གྲོང་ཁྱེར་ཧ་རི་ཡ་ནར་རྟེན་གཞི་བྱས་པའི་ (M3M)ཞེས་པའི་ཐེབས་རྩས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་། རྒྱ་གར་གྱི་མཐོ་རིམ་སློབ་ཕྲུག་བརྒྱ་ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་ཆེ་བསྩལ་གནང་ཡོད།

སྐབས་དེར་རྒྱ་གར་གྱི་བུ་ཕྲུག་ཅིག་ནས་༸གོང་ས་མཆོག་ལ་ “ངས་ཁྱེད་ལ་འཐམ་འཁྱུད་བྱས་ན་ཨེ་འགྲིག་” ཅེས་བཀའ་འདྲི་ཞུས་པར་ཞལ་བཞེས་བཟང་པོ་ཐོབ་ སྟེ་ཕ་མས་རང་གི་བུ་ཕྲུག་ལ་བྱམས་སྐྱོང་གནང་བ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བུ་ཕྲུག་དེར་དམིགས་བསལ་གྱིས་བཀའ་སློབ་ལམ་སྟོན་དང་བཅས། འཐམ་འཁྱུད་དང་འོ་བྱེད་དུ་འཇུག་གནང་མཛད་པའི་བརྙན་ཐུང་དེ་བཞིན་སྤྱི་ཚོགས་དྲྭ་རྒྱའི་སྡིངས་ཆ་ཆེ་གྲས་ཡོད་པའི་སྒེར་པ་ཁག་ཅིག་དང༌། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་གཙོ་གྲས་ཁག་ཅིག དེ་བཞིན་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་ཕྱི་ནང་གི་དྲྭ་འབུ་དེ་དག་གིས་བརྙན་ཐུང་དེ་བཞིན་རང་གར་བཅད་གཏུབ་དང་བཟོ་སྒྲིག་གིས་བེད་སྤྱོད་ལོག་པར་བཏང་སྟེ་གང་སར་རྒྱུད་སྤེལ་བྱས་པ་ལ་བརྟེན་ནས་མ་རིག་རྨོངས་པའི་གཞན་དབང་དུ་སོང་བའི་སྐྱེ་བོ་མང་དག་ཅིག་ནས་ཀྱང་གཞི་མེད་སྐྱོན་འཛུགས་དང༌། མཚན་སྨོད་སྐུར་འདེབས་ཀྱིས་ཕྱི་མ་ངན་སོང་གསུམ་དུ་འགྲོ་བའི་ལས་ངན་མཉམ་དུ་སྒྲུབ་བཅུགས་ཡོད་པ་དང༌།

གཉིས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གཤིས་ནི་སྐྱེ་བོ་སུ་འདྲ་ཞིག་དང་འཕྲད་ནའང་ཐུགས་དོག་གང་ཡང་མེད་པར་རྩེ་མཚར་གནང་རྒྱུར་ཐུགས་དགྱེས་མཉེས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། ལྷག་པར་ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན། བྱམས་དང་སྙིང་རྗེའི་བདག་ཉིད། ནང་པ་ཡོངས་ཀྱི་དབུ་ ཁྲིད། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་པ་མ་ཟད། འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་ཚན་རིག་པ་ དང༌། རྒྱལ་ཁབ་ཀྱི་དབུ་ཁྲིད་སོགས་གྲགས་ཅན་མི་སྣ་མང་པོའི་བླངས་དོར་ལམ་སྟོན་ཞུ་སའི་རླབས་ཆེན་གྱི་སྐྱེ་བོ་དམ་པ་ཞིག་ཡིན་པར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དད་ལྡན་རྗེས་འཇུག་པ་ཡོངས་སུ་རྫོགས་པར་བློ་ཕམ་ཚད་མེད་བཟོས་ཡོད་པ་དང༌།

དེ་དག་གི་སེམས་ཁམས་ལ་རྨ་ཁ་ཚབས་ཆེན་ཞིག་ཀྱང་བཟོས་ཡོད་པས་འབྲེལ་ཡོད་ལོག་བཤད་པ་གསར་ཁང་དང་སྒེར་པ་རྣམས་ནས་སྔ་འགྱོད་ཕྱི་སྡོམ་གྱིས་དགོངས་སེལ་ཞུ་དགོས་ངེས་དང༌། ལྷག་པར་འབྲེལ་ཡོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་རྒྱུད་ལམ་ཁག་དང༌། ཚོགས་སྐྱིད་སྤྱི་སྒེར་ཡོངས་ནས་ད་ལེན་གྱི་གནད་དོན་འདི་ཡིད་ལ་བཟུང་ཐོག་འབྱུང་འགྱུར་ཡིད་གཟབ་དང་དམ་དོན་ལྷོད་མེད་སྔར་ལྷག་གནང་དགོས་གལ་གྱི་འབོད་སྐུལ་ཞུ་རྒྱུ། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།