16
Sun, Jun

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༡༠ཉིན། བཀའ་ཤག་སྐབས་བཅུ་དྲུག་པས་བོད་ཀྱི་མ་འོངས་འགན་སྲུང་གི་ཕུགས་དམིགས་ཡིག་ཆ་ཞེས་པ་ཞིག་དབུ་འབྱེད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༡༠ཉིན། བཞུགས་སྒར་རྡ་སའི་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་གིས་བོད་ཀྱི་མ་འོངས་འགན་སྲུང་གི་ཕུགས་དམིགས་ཡིག་ཆ་ཞེས་པ་དབུ་འབྱེད་གནང་བའི་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། བཀའ་ཤག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འཚེ་བ་མེད་པ་དང་། གྲོས་མོལ། གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ཤེས་འཚོལ་ཐབས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཀའ་ཤག་སྐབས་བཅུ་དྲུག་པའི་བོད་ཀྱི་མ་འོངས་འགན་སྲུང་གི་ཕུགས་དམིགས་ཡིག་ཆ་ཞེས་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་དབུ་འབྱེད་གནང་སོང་། སྐབས་དེར། དམིགས་བསལ་སྐུ་མགྲོན་དུ་ཨ་རིའི་རོགས་ཚོགས་ (USAID) ཀྱི་རྒྱ་གར་མངའ་ཁུལ་གྱི་ངེས་སྟོན་པ་ལྕམ་སྐུ་ཝི་ན་རེ་ཊི་ (Veena Reddy) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་པའི་སྲི་ཞུའི་ལས་བྱེད་སོགས་ཕེབས་འདུག

སྲིད་སྐྱོང་མཆོག་གིས་ཡིག་ཆ་དེ་དབུ་འབྱེད་གནང་རྗེས་གསུང་དོན། བཀའ་ཤག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འཚེ་བ་མེད་པ་དང་། གྲོས་མོལ། གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ཤེས་འཚོལ་ཐབས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་ཡོད། ཐབས་ལམ་འདི་བརྒྱུད་པ་ཡིན་ན་བོད་རྒྱ་གཉིས་ཀྱི་ཁེ་ཕན་ཙམ་དུ་མ་ཟད། འདབས་འབྲེལ་ས་ཁུལ་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཡོང་བར་གདོན་མི་ཟ། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་མེད་སྟབས། ཕྱི་ལོ་༢༠༠༢ ནས་ ༢༠༡༠ བར་གྱི་འབྲེལ་མོལ་དེ་འགག་ནས་བསྡད་ཡོད།

བོད་ཀྱི་ས་ཁམས་ཆབ་སྲིད་དང་། ཐབས་བྱུས། ཁོར་ཡུག་གི་དོན་སྙིང་སྐོར་རྒྱ་ནག་སྲིད་གཞུང་དང་ཕྱོགས་གཉིས་སམ་ཕྱོགས་དུ་མའི་གྲོས་བསྡུར་ཁྲོད་གླེང་སློང་བྱེད་སྐབས། རྒྱ་ཕྱོགས་ལ་དོ་ཕོག་འགྲོ་གཞིར་འཛེམས་ཏེ་སྣང་མེད་དུ་བསྐྱུར་མི་རུང་། དེ་ནི་བོད་དང་བོད་མི་ལ་འབྲེལ་བ་ཆགས་པ་ཙམ་མ་ཟད། བོད་མཐོ་སྒང་དང་། ཉེ་འཁོར་གྱི་རྒྱལ་ཁབ་ཚང་མའི་མི་མང་དང་། བཟའ་བཅའ། དཔལ་འབྱོར། ཆུ་སོགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཡོད་སྟབས། བོད་ཀྱི་འཇིག་སླ་བའི་ཁོར་ཡུག་ལ་བཅོས་ཐབས་མེད་པའི་གནོད་འཚེའི་མཇུག་འབྲས་མི་འབྱུང་བའི་སྔོན་འགོག་བྱེད་ཐབས་ཐོག །རྒྱལ་སྤྱིའི་ཁོར་ཡུག་ཆེད་མཁས་པ་དང་མཉམ་འབྲེལ་ལས་དོན་སྤེལ་འགོ་བཙུགས་ཏེ་མཉམ་རུབ་ཀྱིས་འབད་བརྩོན་བྱེད་དགོས་གལ་ཆེན་ཡིན།

བོད་འདི་རྒྱ་ནག་སྲིད་གཞུང་གི་དྲ་མིག་ཅན་གྱི་ལྟ་སྲུང་ནན་པོའི་འོག་མུ་མཐུད་གནས་ཡོད་ལ། བོད་མི་ཚོས་ལས་དོན་ཅི་ཞིག་བརྩམས་ཀྱང་། མི་གཅིག་གི་བྱེད་ལས་ཀྱི་མཇུག་འབྲས་དེ་སོ་སོའི་དགའ་ཉེ་སྤུན་སོགས་ཀྱི་བདེ་འཇགས་ལ་འབྲེལ་བ་འདོགས་ཉེན་ཡོད་སྟབས། ཧ་ཅང་དཀའ་ངལ་ཁག་པོ་ཆགས་ཡོད། གལ་སྲིད་ང་ཚོས་སྲིད་འཛིན་ཞི་ཅིང་ཕིང་གིས་འཛིན་བཞིན་པའི་མི་རིགས་གཅིག སྐད་ཡིག་གཅིག རིག་གཞུང་གཅིག ཆོས་ལུགས་གཅིག་གི་སྲིད་བྱུས་ལ་གདོང་ལེན་བྱེད་མི་ཐུབ་ཚེ། བོད་མིའི་ངོ་བོ་འཛམ་གླིང་འདི་ནས་ཤུལ་མེད་དུ་འགྲོ་ཉེན་ཆགས་ཡོད།

བོད་ནང་ཆབ་སྲིད་ཀྱི་གོ་ཡུལ་དང་། ཆོས་ལུགས་ཀྱི་རང་དབང་། སྐད་ཡིག་གི་ཐོབ་ཐང་། ཁོར་ཡུག་ལ་སྲུང་སྐྱོབ། ཐ་ན་སོ་སོའི་སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་ཀྱི་རང་དབང་ཙམ་མེད་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་དེང་དུས་ཀྱི་འཕྲུལ་ཆས་ཡོངས་སུ་རྫོགས་པ་བེད་སྤྱད་ནས་མིའི་བསམ་བློ་དང་། བྱ་སྤྱོད། སྨྲ་བརྗོད་བཅས་འགོག་ཐབས་བྱེད་བཞིན་པ་ནི་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། རང་དབང་ཁང་པ་ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་འདི་འཛམ་གླིང་ནང་རང་དབང་ཉུང་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ངོས་འཛིན་བྱས་ཡོད། འདི་ནི་སྲིད་གཞུང་ཞིག་གིས་མི་མང་འཛིན་སྐྱོང་བྱེད་པ་མ་ཡིན་པར་བྲན་གཡོག་ཏུ་བཀོལ་བ་ཆགས་ཀྱི་ཡོད་ཅིང་། དེང་གི་དུས་སུ་བྲན་གཡོག་ལམ་ལུགས་ཀྱི་རྣམ་པ་གསར་པ་ཞིག་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ཀྱི་ཟིལ་ཤུགས་དང༌། གཞིས་ལུས་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས། རྒྱལ་སྤྱིའི་འགྱུར་བ་མེད་པའི་རྒྱབ་སྐྱོར་བཅས་ལ་བརྟེན་ནས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་རྒྱ་ནག་སྲིད་གཞུང་གིས་གདོང་ལེན་བྱ་ཡུལ་ནུས་ལྡན་ཞིག་ཏུ་གྱུར་ཡོད། བོད་མིའི་འཐབ་རྩོད་འདི་འཛམ་གླིང་ཡོངས་སུ་ཁྱབ་པའི་བཙན་བྱོལ་བའི་མང་གཙོའི་སྤྱི་ཚོགས་ཀྱི་དཔེ་མཚོན་ཞིག་ཀྱང་ཆགས་ཡོད་ལ། ང་ཚོ་རང་ཡུལ་དུ་ལོག་རྒྱུའི་རེ་བ་གསོན་པོར་གནས་ཡོད་པ་མ་ཟད། ད་དུང་ཇེ་ཆེར་འགྲོ་བཞིན་ཡོད། ཅེས་གསུངས་སོང་།

བོད་ཀྱི་མ་འོངས་འགན་སྲུང་གི་ཕུགས་དམིགས་ཡིག་ཆའི་ནང་དུ། བོད་ཀྱི་གལ་གནད་སྐོར། བོད་དོན་བདེན་མཐའ་གསལ་ཐབས། དབུ་མའི་ལམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་སོགས་ཀྱི་བཀོད་ཡོད་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་གཞེན་སྐུལ་ཞུ་དོན། ང་ཚོས་བློ་བརྟན་འགྱུར་མེད་ངང་འཚེ་བ་མེད་པའི་དམ་བཅའ་གཞི་རྩར་བཟུང་བའི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཞུ་བཞིན་པ་ཡིན་ཞིང་། འདི་ནི་གཉིས་ཕན་དང་། གྲོལ་མོལ་ལ་བརྟེན་ནས་བོད་རྒྱའི་རྩོད་རྙོག་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་དེ་ཡིན། བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་མཁས་པའི་ཉམས་ཞིབ་གྲུབ་དོན་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་དང་རིན་ཐང་ལ་ངོས་འཛིན་ཡོང་བའི་གཞི་རིམ་གྱི་ཆ་རྐྱེན་ཡིན་སྟབས། ད་ལྟ་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་སྟངས་ལ་ངོས་ལེན་དགོས་རྒྱུ་གལ་ཆེན་དུ་བརྩི་གི་ཡོད། འབྲེལ་ཐོགས་ཚོས་བོད་མི་རྣམས་རྒྱ་ནག་སྲིད་གཞུང་གི་མནར་གཅོད་འོག་ནས་གནོད་འཚེ་ཕོག་མཁན་ཁོ་ན་ཙམ་ཞིག་མ་ཡིན་པར། རྒྱ་ནག་བཟང་ཕྱོགས་སུ་འགྱུར་བ་གཏོང་བར་རོགས་ཟླ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་གལ།

དེ་ནས་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ལས་འགུལ་བར་གཞེན་སྐུལ་ཞུ་དོན། བོད་དོན་ཞུ་གཏུག་ལས་འགུལ་སྤེལ་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རེ་བ་དང་ཡིད་ཆེས་བརྟན་བཟུང་གིས་བོད་ནང་སྡུག་སྦྱོང་མྱོང་བཞིན་པའི་གཞིས་ལུས་བོད་མིའི་རང་དབང་གི་མགྲིན་ཚབ་པ་བྱས་ཏེ། སོ་སོའི་གཞུང་དང་། གྲོས་ཚོགས། བློ་འདོན་ལྟེ་གནས། གསར་འགྱུར་བརྒྱུད་ལམ་བཅས་པར་དུས་ཐོག་ཏུ་དངོས་ཡོད་གནས་ཚུལ་མཁོ་འདོན་དང་། གསེད་བཀྲོལ་བྱས་ཏེ། བོད་དང་རྒྱ་གཞུང་ལ་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བའི་ཐབས་རྩལ་འདོན་གལ། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།