23
Tue, Apr

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་ལྔ་པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། པར། སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༢༥ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༣༌༌༌༢༠༢༤ སྔོན་རྩིས་གཏན་འབེབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཅས་བཞག་ནས་མཇུག་སྡུད་གནང་འདུག

དེ་ཡང་། གོང་ཚེས་ཉིན། གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། ཉིན་བཅུའི་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༣༌༌༌༢༠༢༤ སྔོན་རྩིས་སྤྱི་ཡོངས་ཀྱི་ཐོག་ནས་སོང་གི་བསྡོམས་དེ་ཧིན་སྒོར་ ༣,༠༣༤,༠༠༦,༠༥༥ ཆགས་ཡོད་པར་གཏན་འབེབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཅས་བཞག་ཡོད་འདུག དེ་ནས་༧གོང་ས་མཆོག་གི་༸སྐུའི་ཡང་སྲིད་སྐོར་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར་སོགས་གླེང་སློང་མང་པོ་གནང་ཡོད་འདུག འོན་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ཡིག་ཆ་ཨང་༡༩ པ་དང་། ཨང་༢༠ པ་གཉིས་ཀ་གཏན་འབེབས་གནང་ཐུབ་མེད་པ་རེད། དེར་བརྟེན། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་འཛུགས་ཚོགས་ཆུང་ཅིག་བཙུགས་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་ལྔ་པའི་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ཡོངས་རྫོགས་མཇུག་བསྒྲིལ་བའི་དུས་ཚོད་ཆགས་བསྡད་ཡོད་པ་རེད། ད་ལྟ་ཡར་ལངས་མཁན་གྱིས་གཏམ་བཤད་ཞུ་རྒྱུ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ། ཚོགས་འདུའི་ལས་རིམ་དང་། གྲུབ་འབྲས་དང་འབྲེལ་བའི་ཐོག་ནས་གཏམ་བཤད་ཞུ་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་ཚོགས་གཙོའི་ཐག་གཅོད་དང་བཀོད་ཁྱབ་དེ་འདྲ་གང་ཡང་མ་རེད། འདི་སྙན་སེང་ཞུ་རྒྱུ་ཡིན།

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གྲངས་ ༡༠ བསྐྱངས་ཡོད་པ་རེད། ཐོག་མར་ཚོགས་གཙོ་གཉིས་པོས་ལས་རིམ་གང་བསྒྲིགས་པ་གཞིར་བཟུང་ལས་རིམ་མཇུག་སྒྲིལ་བའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ལས་རིམ་ནང་དུ་ཆ་ཤས་བཞེས་མཁན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་བཀུར་འོས་འཐུས་མི་རྣམ་པ་ཚང་མས་ཆ་ཤས་ཡག་པོ་དང་། ཚོགས་གཙོ་གཉིས་ལ་མཐུན་འགྱུར་དང་འགན་འཁུར་གང་ལེགས་ཞུས་སོང་། དེར་ཐོག་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རེས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ནང་དུ་ལས་རིམ་དང་འབྲེལ་བའི་ཐོག་ནས་ཞུས་པ་ཡིན་ན། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག སྤྱི་ཟུར་བདུད་འདུལ་སྤྲུལ་སྐུ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྐྱེན་གྱིས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁུར་ཡོད་པ་རེད། དེ་ག་ནང་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་འཁུར་ཡོད་པ་རེད། ཁ་སེང་དབུ་འབྱེད་ཀྱི་གཏམ་བཤད་ནང་དུ་ཞུས་པ་གཞིར་བཟུང་ད་ལྟ་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཀྱི་ཐོག་ནས་བོད་དེ་གཞིས་བྱེས་གཉིས་སུ་ཆགས་ཡོད་པ་རེད། བོད་རིགས་སྤུན་ཟླ་མང་པོ་ཞིག་བོད་ནང་དུ་ལྷག་ཡོད་པ་རེད། ལྷག་པ་མ་ཟད་རྒྱ་ནག་གི་བཙན་གནོན་འོག་ལ་ཉིན་འཁྱོལ་ནའང་མཚན་མ་འཁྱོལ་བའི་གནས་སྟངས་ཀྱི་འོག་ནས་མུ་མཐུད་ཛ་དྲག་གི་གནས་སྟངས་ཆགས་བསྡད་དུས། ང་ཚོས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་མཉམ་དུ་ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་གང་འདྲ་འགྲོ་དགོས་ཀྱི་འདུག དེའི་ཐོག་ནས་རྒྱལ་སྤྱིའི་ནང་དུ་རྒྱབ་སྐྱོར་འཚོལ་ཕྱོགས་རེད། ལྷག་པར་དུ་རྒྱ་ནག་མཉམ་དུ་འབྲེལ་བ་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཟེར་ནའང་མི་འདུག གང་ལྟར་བོད་རྒྱའི་དཀའ་རྙོག་སེལ་བར་ཐབས་ལམ་ག་རེ་འདུག དེ་འདྲའི་ཐོག་ནས་ང་ཚོས་གྲོས་ཆོད་དོན་ཚན་དྲུག་ཅན་འཇོག་ཐུབ་ཡོད་པ་རེད། དེའི་ཐོག་ལའང་བཀུར་འོས་སྤྱི་འཐུས་རྣམ་པ་མང་པོས་ཆ་ཤས་བཞེས་གནང་སོང་། དེ་ག་ནང་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་ཆ་ཤས་བཞེས་པའི་ཐོག་ནས་ང་ཚོའི་གྲོས་ཆོད་འདི་རིན་ཐང་དང་ལྡན་པའི་ཐོག་ནས། མ་འོངས་པར་ཐུགས་སྣང་གནང་མཁན་ཡོད་ན། འདིའི་ཐོག་ནས་བོད་ནང་གི་གནས་སྟངས་རེད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས་རེད། རྒྱལ་སྤྱིའི་ནང་དུ་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་ཚད་ག་ཚོད་ཡོད་མེད། འདི་ཤེས་ཐུབ་པའི་གནས་སྟངས་འདྲ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་ཡིག་ཆ་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཞུ་ཐུབ་པ་ལ་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་ཟེར་ནས་སྙན་སེང་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ང་ཚོའི་ལས་རིམ་གལ་ཆེ་བ་གཅིག་དེ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཅིག་པའི་སྙན་ཐོ་དེ་ཆགས་བསྡད་ཡོད་པ་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་ཚོགས་ཆུང་ཁག་མང་པོ་ཞིག་ཡོད་པ་རེད། དེའི་ནང་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་འདི་བསྟུད་མར་འདྲ་པོ་ཞིག་གི་ཐོག་ནས་སྐབས་བཅུ་གཅིག་བར་དུ་ཚུགས་ཐུབ་པ་རེད། དེའི་ཐོག་ནས་ང་ཚོས་སྒྲིག་འཛུགས་དབུས་དང་། ཁྱབ་ཁོངས་ས་གནས་ཁག་ཡོངས་སུ་རྫོགས་པ། དབུས་ཀྱི་ལས་ཁུངས་ཁྱབ་ཁོངས་ཀྱི་རང་སྐྱོང་སྡེ་ཚན་ཁག་མང་པོ་ཞིག་གི་ཐོག་ལ་རྩིས་ཞིབ་གནང་རྒྱུ་རེད། དེའི་ཐོག་ནས་སྐྱོན་གནད་བྱུང་བ་ཡིན་ན་སྙན་ཐོའི་ནང་དུ་འདོན་རྒྱུ། དེའི་ཐོག་ནས་ང་ཚོའི་སྤྱི་ཚོགས་འདི་སྤྱིར་བཏང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་རེད། དེའི་ནང་ནས་ང་ཚོ་ནང་པ་སངས་རྒྱས་པ་ཡིན་དུས། ལྐོག་ཟ་རུལ་སུངས་ཟེར་བ་དང་། དེ་འདྲའི་གནས་སྟངས་ཧ་ཅང་ཉུང་ཉུང་ཆགས་བསྡད་ཡོད་པ་རེད། མེད་ཟེར་ནའང་འགྲིག་པའི་བཟོ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ཁྲིམས་སྒྲིག་གཞི་དང་། གང་ཟག་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་རྩིས་ཞིབ་སྙན་ཐོའི་ནང་དུ་ཐོན་ནས་མུ་མཐུད་ནས་མཇུག་སྐྱོང་བྱེད་དགོས་པའི་གནས་ཚུལ་ཆགས་དུས། དེ་ཚོའི་ཐོག་ལ་ང་ཚོས་སྙན་ཐོ་གཞིར་བཟུང་སྙན་སྒྲོན་དང་། མཇུག་སྐྱོང་བྱ་རྒྱུའི་ཐོག་ལ་གྲོས་ཆོད་བཞག་ཟིན་ཙམ་རེད། འདིའི་ཐོག་ལ་མ་འོངས་པར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཉིས་པ་རྗེས་མའི་ཕྱི་ཟླ་༩ པའི་གྲོས་ཚོགས་ལ་འཛུགས་ཐུབ་རྒྱུའི་གནས་བབ་ཆགས་ཀྱི་རེད་ཞུ་རྒྱུ་ཡིན།

དེ་ནས་ལས་དོན་གལ་ཆེ་བ་གཅིག་དེ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་སྒྲིག་འཛུགས་སུ་འགྱུར་ཐབས་ལ་དེ་སྔ་གྲོས་ཚོགས་ནང་དུ་བགྲོ་གླེང་མང་པོ་བྱུང་ཡོད་པ་རེད། ཆེད་འཛུགས་ཚོགས་ཆུང་ཁག་གཉིས་བཙུགས་པ་རེད། དེ་ནས་ཆེད་འཛུགས་ཚོགས་ཆུང་མཐའ་མ་དེའི་ཐོག་ནས་ཞིབ་འཇུག་བྱས་ནས་རང་སྐྱོང་གི་སྒྲོམ་གཞི་དང་། གཞི་འཛིན་ས་འདྲ་པོ་ཞིག་གྲོས་ཚོགས་ནང་དུ་ཕེབས་ཡོད་པ་རེད། གྲོས་ཚོགས་ནང་དུའང་འདིའི་ཐོག་ལ་བགྲོ་གླེང་གང་ལ་གང་འཚམ་བྱུང་སོང་། དེ་རིང་ང་ཚོས་མཇུག་སྐྱོང་གི་གྲོས་ཆོད་བཞག་ཟིན་ཙམ་རེད། ཚོགས་ཆུང་གི་ཚོགས་མི་རྣམ་པའི་གསུང་བབ་ལ་གཞིགས་པ་ཡིན་ན། མ་འོངས་པར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་སྒྲིག་འཛུགས་འདིའི་ཐོག་ནས་དཔལ་འབྱོར་གྱི་གནས་བབ་ལ་ཏོག་ཙམ་ཕན་ཐོགས་ཡོད་པའི་གནས་སྟངས་འདྲ་ཞིག་གསུངས་སོང་། སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཐོག་ནས་ཡིན་ནའང་མ་འོངས་པར་མ་ཤེར་འཇོག་མཁན་ཡིན་ནའང་ཤུགས་ཆེ་རུ་འགྲོ་རྒྱུ། དེ་འདྲའི་ཐོག་ནས་རང་སྐྱོང་གི་སྒྲིག་འཛུགས་ཚད་དང་ལྡན་པ་ཞིག་ཡོང་རྒྱུ་དང་། དེ་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་བབ་ལའང་ཏན་ཏན་ཐུགས་ཕན་གསོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དཔལ་འབྱོར་ལས་ཁུངས་བརྒྱུད་ནས་རང་སྐྱོང་གི་སྒྲིག་འཛུགས་བསྒྱུར་རྒྱུའི་འགན་འཁུར་བཞེས་ཀྱི་ཡོད་པ་རེད། དེའི་ཐོག་ནས་སྒྲིག་འཛུགས་ཚགས་ཚུད་པོ་ཡག་པོ་ཞིག་ཡོང་བ་ལ་རེ་བ་ཞུ་བཞིན་ཡོད། འདི་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྲོས་ཚོགས་ནང་དུ་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་སླེབས་ཡོད་པ་རེད། གོང་དུ་སྒྲིག་གཞི་ཁག་ཅིག་གི་ཐོག་ལ་བརྗོད་པ་གསུམ་པ་གཏན་འབེབས་ཟིན་ཙམ་རེད། དེ་ག་ནང་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༡༩ པ་དང་། ཨང་༢༠ པ་གཉིས་རེད། ཐོག་མར་ཚོགས་གཙོས་འདིའི་ཐོག་ལ་ཏོག་ཙམ་བཀའ་མོལ་ཞུས་ན་བསམས་བྱུང་། དེ་འདྲའི་བསམ་བློ་བཏང་བ་ཡིན། ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན། འདིའི་ཐོག་ལ་སྐད་ཆ་བཤད་ནས་ཕན་ཐོགས་དང་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཞུ་ཚོད་ཐིགས་ཀྱི་མི་འདུག དེ་ཡིན་དུས་རིང་པོ་གང་ཡང་ཞུ་རྒྱུ་མིན། ཡིག་ཆ་ཨང་ ༡༩ པ་འདྲ་པོ་ཡིན་ན། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ཁྲིམས་ཞིབ་པའི་འོས་ཆོས་ལ་བསྐྱར་བཅོས་འཁུར་ཡོང་གི་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་དང་པོ་ནས་འཁུར་བ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཐེངས་གཅིག་འཁུར་བ་རེད། འཛིན་སྐྱོང་བཀའ་ཤག་གིས་ཐེངས་གཉིས་འཁུར་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་བརྒྱུད་ནས་ཐེངས་གཅིག་འཁུར་ཡོད་པ་རེད། གང་ལྟར་གྲོས་ཚོགས་ནང་དུ་ཐེངས་བཞི་ཙམ་སླེབས་ཚར་བ་རེད། དེ་ག་ནང་བཞིན་འདིའི་ཐོག་ལ་བགྲོ་གླེང་བྱས་ཡོད་པ་རེད། ད་ལྟའི་གྲོས་ཚོགས་ཀྱི་ཚོར་བ་ལ་ལྟ་ཡོང་དུས། གནས་སྟངས་འདི་ཉེན་ཚབས་ཆེ་རུ་འགྲོ་བསྡད་པ་ཚོར་གྱི་འདུག རྩ་བའི་མང་གཙོའི་ཀ་བ་གསུམ་ཟེར་དུས་ཁྲིམས་བཟོ་ལྷན་ཚོགས་དེ་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད་དེ། ཡིན་ནའང་། འབྲེལ་བ་ཚང་མ་ལ་ཆགས་ཀྱི་ཡོད་པ་རེད། འབྲེལ་བ་ཆགས་ས་ཚང་མའི་ངོས་ནས་ཐུགས་སྣང་གནང་དགོས་འདུག གང་རེད་ཅེ་ན། ང་ཚོས་གཏན་འབེབས་བྱ་མ་ཐུབ་པའི་རྒྱུ་མཚན་དེ་ཁ་གསལ་པོ་མཁྱེན་དགོས་ཀྱི་འདུག འདི་ལྟར་མུ་མཐུད་འགྲོ་བསྡད་པ་ཡིན་ན་ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབ་དེའང་གང་འདྲ་ཆགས་ཡོད་མེད་སེམས་འཚབ་ཡོང་གི་འདུག མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་བཅའ་ཁྲིམས་ནང་དུ་བལྟས་པ་ཡིན་ན། གྲོས་ཚོགས་དབུས་སུ་བཞག་པའི་སྒྲོམ་གཞི་ཆགས་བསྡད་ཡོད་པ་རེད། གྲོས་ཚོགས་ཀྱི་ངོ་གདོང་དེ་མཐོང་མ་འདོད་པ་དང་། གྲོས་ཚོགས་ཀྱི་ངོ་གདོང་དེར་ཉམས་ཆག་ཆེན་པོ་ཞིག་བྱུང་བ་ཡིན་ན། སྒྲིག་འཛུགས་ཀྱི་གནས་སྟངས་དེར་གཞི་འཛིན་ས་མེད་པ་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་མ་འོངས་པར་དེ་ཚོའི་ཐོག་ལ་ང་ཚོས་དགོངས་པ་བཞེས་ནས། གང་འདྲ་འབྲེལ་བ་ཆགས་ཀྱི་ཡོད་མེད་དགོངས་པ་བཞེས་ནས། ང་ཚོའི་སྒྲིག་འཛུགས་འདི་སྐྱོབ་ཐུབ་རྒྱུ་དང་། དེ་ལ་བཟང་ཕྱོགས་ནས་གདོང་ལེན་གནང་ནས་འགན་འཁུར་ཞུ་ས་ཞིག་ཡོང་ཐུབ་པ་ཡིན་ན། དེས་ཏན་ཏན་ཐུགས་ཕན་གསོ་ཡི་མེད་ན་བསམ་གྱི་འདུག དེ་འདྲ་སོང་ཙང་འབྲེལ་ཡོད་ཚང་མས་འདིའི་ཐོག་ལ་འགན་བཞེས་དགོས་ཀྱི་འདུག ཁྲིམས་བཟོ་ལྷན་ཚོགས་ཟེར་དུས་ཁྲིམས་བཟོ་མཁན་དེ་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད། གྲོས་ཚོགས་ཀྱིས་འགན་འཁུར་ཞུས་ནས་འཛིན་སྐྱོང་བཀའ་ཤག་གིས་ཁྲིམས་བསྐྱར་བཅོས་འཁུར་ཡོང་གི་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཀྱང་འཁུར་གྱི་ཡོད་པ་རེད་དེ། ཡིན་ནའང་། འཁུར་བ་ནང་བཞིན་ཡོང་གི་ཡོད་པ་མ་རེད། ཡོང་གི་མེད་པ་དེའང་གྲོས་ཚོགས་ཀྱི་ཐག་གཅོད་ཆགས་བསྡད་ཡོད་པ་རེད། མུ་མཐུད་ནས་ཟླ་བ་དྲུག་རེའི་མཚམས་འདི་ལྟར་གླེང་སློང་བྱས་ནས་འགྲོ་བསྡད་པ་ཡིན་ན། མང་གཙོའི་འགྲོ་ལུགས་དང། མང་གཙོའི་ལྟ་གྲུབ་ཐོག་ནས་ཏག་ཏག་ག་ཚོད་སྡོད་ཀྱི་ཡོད་མེད་ཞུ་ཚོད་ཐིགས་ཀྱི་མི་འདུག གནད་དོན་འདི་གཙང་མ་ཆགས་དགོས་ཀྱི་ཡོད་པར་ང་ཚོས་ངོས་འཛིན་བྱེད་དགོས་འདུག འབྲེལ་བ་ག་པར་ཆགས་ཀྱི་འདུག གཏན་འབེབས་ཞུ་མ་ཐུབ་པའི་རྒྱུ་མཚན་ག་རེ་ལ་ཐུག་འདུག དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ནས་ཕྱོགས་ཡོངས་ནས་གུ་ཡངས་དང་། བསམ་གཞིག་གི་ཐོག་ནས་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་དམ་འབུལ་ཞུ་སའི་ཁྲིམས་ཡིག་བསྐྱར་བཅོས་ཤིག་འཁུར་ཡོད་པ་རེད། དང་པོ་སྤྱི་འཐུས་རྒྱུན་ལས་ནང་དུ་སྙན་སེང་ཞུས་པ་རེད། སྙན་སེང་ཞུས་རྗེས་འགྲིག་གི་འདུག་གསུངས་པ་རེད། དེའི་ཚིག་བརྗོད་དེ་ཚོགས་གཙོ་ཚོགས་གཞོན་གྱིས་གོ་བསྡུར་ཞུས་ནས་རྒྱུན་ལས་ནང་བསྐྱར་དུ་འཁུར་བ་རེད། གང་ལྟར་སྤྱི་མོས་ཀྱི་ཐོག་ནས་གྲོས་ཚོགས་ནང་དུ་སླེབས་པ་རེད། བགྲོ་གླེང་ཞུ་ཕྱོགས་དང་དེ་འདྲའི་ཐོག་ནས་རིགས་གཅིག་ལ་དོགས་པ་རྣམ་རྟོག་དེ་འདྲ་ཡོང་གི་འདུག ང་ཚོའི་ཐོག་ནས་ལྷག་བསམ་རྣམ་དག་འདྲ་པོ་ཞིག་ཡིན། གོང་དུ་ངས་ཞུས་པ་ནང་བཞིན་རེད། གྲོས་ཚོགས་དབུས་སུ་བཞག་པའི་སྒྲོམ་གཞི་ཆགས་དུས། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡིན་ནའང་འདྲ་འདུག རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཁུར་མཁན་སུ་ཡིན་ནའང་ཡར་ཡོང་ས་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ནང་དུ་ཁྲིམས་ཞིབ་པ་ཆེ་བ་མེད་དུས་དེ་ཡོང་ས་ཡོད་པ་མ་རེད། དེ་གཅིག་ཡར་ཡོང་ཐུབ་ན་བསམས་ནས་འབད་བརྩོན་ཞིག་བྱས་པ་རེད། རྣམ་པ་ཚོ་རིགས་གཅིག་གིས་ལས་ཚབ་ཀྱི་ཐོག་ལ་ཡང་ཡང་གསུངས་བསྡད་སོང་། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་ ༦ པ་ལྟར་བྱས་ན། ཁྲིམས་ཞིབ་པ་ཆེ་བ་ཡོད་པའི་སྐབས་སུ་ལས་ཚབ་བསྐོ་གཞག་བྱེད་ཆོག་གི་ཡོད་པ་རེད། ལས་ཚབ་ཀྱིས་ལས་ཚབ་བསྐོ་གཞག་ཆོག་པ་ཞིག་བཅའ་ཁྲིམས་ནང་དུ་གསལ་གྱི་ཡོད་པ་མ་རེད། ང་ཚོས་དེར་མུ་མཐུད་ཡིན་གཅིག་མིན་གཉིས་ཤི་འཐམ་རོ་འཐམ་བྱེད་དགོས་ཀྱི་འདུག་གམ་མི་འདུག་གཟིགས་དགོས་འདུག སྒྲིག་གཞིའི་གནས་བབ་ཀྱི་ཐོག་ནས་ཚང་མས་འདིའི་ཐོག་ལ་ཐུགས་སྣང་གནང་ནས། ད་ལྟ་གཤམ་ལ་བསླེབ་ཀྱི་ཡོད་པ་རེད། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། དེའི་ཐོག་ནས་སྙན་ཐོ་སླེབ་ཀྱི་རེད། དེ་ཚོའི་ཐོག་ལའང་ང་ཚོས་དགོངས་པ་བཞེས་སའི་ས་བོན་འདྲ་པོ་ཞིག་རེད། ངས་དེ་རིང་དེ་ཙམ་ཞིག་ཞུས་ན་བསམས་བྱུང་། དེ་གཅིག་ཡིན།

དེ་ག་ནང་བཞིན་དེ་རིང་ང་ཚོས་དུས་ཚོད་མང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༣༌༌༌༢༠༢༤ སྔོན་རྩིས་གཏན་འབེབས་ཆགས་ཡོད་པ་རེད། དེའི་ཐོག་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་རེད། དེ་ག་ནང་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རེད། དེ་ཡིན་དུས་ནམ་རྒྱུན་ཡིན་ན་བགྲོ་གླེང་ཞེ་དྲག་གནང་གི་མ་རེད། སྤྱི་འཐུས་གཉིས་གསུམ་མ་གཏོགས་ཡོད་པ་མ་རེད། ད་ཐེངས་འདིར་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་ནས་དུས་ཚོད་ལ་སྟངས་འཛིན་བྱ་མ་ཐུབ་པའི་གནས་སྟངས་ཆགས་སོང་། དཔེར་ན། བཀའ་དྲུང་ཡིག་ཚང་གི་ལས་དོན་བྱེད་ཕྱོགས་ལ་ཡིན་ན། དེ་སྔ་བགྲོ་གླེང་ཡོད་པ་མ་རེད། ད་ཆ་ལྷན་ཁང་གཅིག་ནང་བཞིན་བགྲོ་གླེང་ཕྱིན་ནས་དེ་འདྲའི་གསལ་བཤད་ལན་འདེབས་འགྲོ་དགོས་པའི་གནས་སྟངས་ཆགས་ཀྱི་འདུག་པཱ། དེ་ཡིན་དུས་དུས་ཚོད་ཀྱི་ཐོག་ལ་ཚོགས་གཙོ་གཉིས་ཀྱི་ཚོད་མ་ཐིགས་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག སྔོན་རྩིས་སྤྱི་ཡོངས་ཀྱི་ཐོག་ནས་སོང་གི་བསྡོམས་དེ་ཧིན་སྒོར་ ༣,༠༣༤,༠༠༦,༠༥༥ ཆགས་ཡོད་པ་རེད། འདི་ནས་བཀའ་འཁྲོལ་གཏན་འབེབས་བྱུང་ཐུབ་པ་རེད། བཀའ་འཁྲོལ་གཏན་འབེབས་བྱུང་བ་ལྟར་རྩིས་ཀྱི་འགན་དབང་དེ་དཔལ་ལྡན་དཔལ་འབྱོར་བཀའ་བློན་བརྒྱུད་ནས་ཁྱབ་ཁོངས་སོ་སོར་སླེབ་ཡོང་གི་རེད། དེ་ག་ནང་བཞིན་འཛིན་སྐྱོང་ནང་ལ་རེད། དབུས་དང་ཁྱབ་ཁོངས་ཀྱི་སྒྲིག་འཛུགས་གང་ལ་ཡིན་ནའང་འགན་འཁུར་མཁན་དང་། ལས་དོན་ཞུ་མཁན་གཙོ་བོ་དེ་ལས་བྱེད་ཆགས་ཡོད་པ་རེད། ལས་བྱེད་རྣམ་པས་ཡིན་ནའང་ལྷག་བསམ་རྣམ་དག་གི་ཐོག་ནས་འགན་འཁུར་ཞུ་ཡི་ཡོད་པ་རེད། དེ་ག་ནང་བཞིན་དཔལ་འབྱོར་གྱི་གནས་བབ་ཀྱི་ཐོག་ནས་ཡིན་ནའང་བསྲི་ཚགས་ཀྱི་ཐོག་ནས་དོན་ཕན་ལྡན་པ་ཞིག་ཡོང་རྒྱུ། ལས་དོན་གྲུབ་ཐུབ་པ་དང་དཔལ་འབྱོར་གྱི་གནས་བབ་ཀྱི་ཐོག་ནས་ཆུད་ཟོས་སུ་མ་འགྲོ་བ། དེ་འདྲའི་འགན་གཙོ་བོ་དེ་འཛིན་སྐྱོང་རེད། དེ་ག་ནང་བཞིན་དབང་ལྡན་འགན་འཛིན་རེད། དེའི་གཤམ་གྱི་ལས་བྱེད་ཚང་མའི་ཐོག་ནས་ལས་དོན་དེ་ལེགས་གྲུབ་ཡོང་བར་ཚང་མས་ཧུར་ཐག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། འདི་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་ལས་རིམ་གལ་ཆེ་ཤོས་འདྲ་པོ་དེ། གསར་འགྱུར་བརྒྱུད་ལམ་ཁག་ནས་ཚང་མས་ཐུགས་སྣང་གནང་ས་གལ་ཆེ་ཤོས་གཅིག་དེ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ (Nancy Pelosi) ལ་ང་ཚོས་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དོན་ཚན་ ༣ ཅན་འཇོག་ཐུབ་ཡོད་པ་རེད། དེའི་ཐོག་ནས་ང་ཚོ་བཙན་བྱོལ་བའི་གནས་བབ་ཀྱི་ཐོག་ནས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཨ་རིའི་གནད་ཡོད་མི་སྣ། གྲོས་ཚོགས་ཀྱི་འཐུས་མི་དེ་འདྲ་ཞིག་ང་ཚོར་བློ་ཉེ་པོ་ཡོང་ཐུབ་པ། དེའང་བློ་ཐུབ་ཀྱི་གྲོགས་པོ་ཟེར་ནའང་མ་འགྲིག་པ་ཡོད་མ་རེད། ད་ལྟ་བར་དུ་ལོ་བཅུ་ཕྲག་མང་པོའི་རིང་ལ་ང་ཚོར་རྒྱབ་སྐྱོར་འགྱུར་བ་མེད་པ་གནང་བསྡད་ཡོད་པ་རེད། ཡིན་ནའང་། ད་ལྟ་སྟབས་མ་ལེགས་པའམ་ཕམ་པོ་ཞིག་ལ་ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་བློ་ཐུབ་ཀྱི་གྲོགས་པོ་མང་པོ་ཞིག་དགུང་ལོ་ཡིན་ནའང་ཡར་མཐོ་པོ་ཆགས་ནས། དེའི་ཐོག་ནས་མི་རབས་གསར་པ་མཐུད་བརྒྱབ་པ་ལ་རང་བཞིན་གྱིས་ཚང་མས་འབད་བརྩོན་ཞུ་དགོས་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ (Nancy Pelosi) ལྟ་བུར་མཚོན་ན། མ་འོངས་པར་ཁོང་བརྒྱུད་ནས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ལོ་གཞོན་པ་དེ་འདྲའི་ཐོག་ལ་ང་ཚོས་མཐུད་བརྒྱབས་ནས། ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཆེད་དུ་ཁྲིམས་ཡིག་གཅིག་གྲོས་ཚོགས་གོང་འོག་གཉིས་ལ་འགྲེལ་བཤད་བརྒྱབས་ཡོད་པ་རེད། མ་འོངས་པར་ཁྲིམས་ཡིག་དེ་གཏན་འབེབས་གནང་ཐུབ་པ་དང་། ཐག་ཆོད་པོ་ཡོང་ཐུབ་པ་ལ་གཙོ་བོ་འཛིན་སྐྱོང་བཀའ་ཤག་རེད། དེ་ག་ནང་བཞིན་བྱང་ཨ་རི་བོད་རིགས་ཚོགས་པ་ཁག་རེད། བོད་མི་མང་རེད། ང་རང་ཚོའི་ངོས་ནས་ག་རེ་ཞུ་ཐུབ་པ་འདུག་ནའི་ང་ཚོས་མཇུག་སྐྱོང་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) ལྟ་བུ་མཚོན་ན། ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཝ་ཤིང་ཊོན་ཌི་སི་ (Washington DC) ལ་ཚོགས་པ་རེད། ཐོག་མ་ཁོང་གིས་དུས་ཚོད་གནང་བ་དང་། ལམ་སང་ང་ཚོར་ཐག་གཅོད་བྱེད་ཐུབ་པའི་སྤོབས་པ་དེ་སླེབས་པ་རེད། ཁོང་གིས་དུས་ཚོད་མ་གནང་བའི་གནས་སྟངས་ཆགས་སོང་བ་ཡིན་ན། ང་ཚོས་ཝ་ཤིང་ཊོན་ཌི་སི་ལ་ (Washington DC) གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་བློ་ཁོག་འདྲ་པོ་ཞིག་མ་འདང་བའི་གནས་སྟངས་ཆགས་བསྡད་འདུག དེ་ཡིན་དུས་ཁོང་གིས་དུས་ཚོད་གནང་བ་དང་། ང་ཚོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེའང་ཚགས་ཚུད་པོ་དང་ཡག་པོ་ཞེ་དྲག་ཅིག་འཚོགས་ཐུབ་ཡོད་པ་རེད། དེའང་གཙོ་བོ་ལྕམ་སྐུ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཆགས་པ་ཡིན་དུས། དེ་རིང་བསྐྱར་དུ་འདི་བརྒྱུད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གྲོས་ཚོགས་ནང་དུ་གྲོས་ཆོད་བཞག་པ་གཞིར་བཟུང་བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་གསུངས་སོང་། འདི་ཨིན་ཡིག་ནང་དུ་བསྒྱུར་ནས་ཨ་རི་དོན་གཅོད་བརྒྱུད་ནས་འབུལ་དགོས་རེད་ཅེས་གསུངས་སོང་། དེ་ག་ནང་བཞིན་ང་ཚོས་ཨིན་ཡིག་ནང་དུ་སྒྱུར་རྒྱུའི་སླད་ཕུལ་ཟིན་པ་ཡིན། ཕལ་ཆེར་དེ་རིང་སང་ཉིན་ཚུར་འབྱོར་ཡོང་གི་རེད། དེ་ནས་ང་ཚོས་ཨ་རི་སྐུ་ཚབ་དོན་གཅོད་བརྒྱུད་ནས་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ (Nancy Pelosi) ལ་འབུལ་ཐུབ་པར་གྲ་སྒྲིག་ཆ་ཚང་ཞུས་ཟིན་པ་ཡིན། འདི་གཅིག་སྙན་སེང་ཞུ་རྒྱུ་ཡིན།

ད་ལྟ་ལས་རིམ་བསྐྱངས་ཟིན་པ་མཐའ་མ་དེ། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་འཛུགས་ཚོགས་ཆུང་དེ་རེད། འདིའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་པ་རེད། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་དགོངས་ཚུལ་གསུངས་སོང་། དེ་ག་ནང་བཞིན་འདས་པའི་གནས་སྟངས་ཀྱི་ཐོག་ནས་དགོངས་ཚུལ་གསུངས་སོང་། དེ་དག་ང་ཚོས་ཡིད་ལ་བཞག་ནས་མ་འོངས་པར་གྲོས་ཚོགས་ནང་དུ་ཕན་ཚུན་ཟུར་ཟ་དང་། དེ་འདྲའི་རྣམ་འགྱུར་སྟོན་མི་དགོས་པའི་ཐོག་ནས་ང་ཚོས་སྤྱི་པའི་ལས་དོན་རང་གི་ཐོག་ནས་འགྲོ་ཐུབ་པ་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་ནང་བཞིན་གྲོས་ཆོད་ནང་དུ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ནང་དུ་དགོས་ངེས་ག་རེ་འདུག་ན་དེ་གསལ་ཁ་འགོད་དགོས་ཡོད་ཅེས་ཞུས་ཡོད་པ་རེད། གཙོ་བོ་ཚོགས་ཆུང་ནང་དུ་ཞུགས་མཁན་ཚོགས་མི་ཚང་མར་རག་ལས་ཡོད་པ་རེད། ད་ལྟའི་ཆར་སྤྱི་འཐུས་རྣམ་པས་ཚོགས་ཆུང་ནང་དུ་ཞུགས་རྒྱུར་ཧ་ཅང་ཁག་པོ་འདུག ཡིན་ནའང་། ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་ཞུས་ནས་ཚོགས་མི་ཞིག་ལ་འབོད་བསྐུལ་ཞུ་ཡི་ཡོད་པ་རེད། མ་འོངས་པར་རྣམ་པ་ཚོ་ནས་ཡིན་ནའང་འདིའི་ཐོག་ལ་ཐུགས་འགན་ཆེ་ཙམ་བཞེས་ནས། ང་ཚོས་ཚོགས་ཆུང་ཞིག་བཙུགས་ཚར་བ་རེད། དེ་གཞིར་བཟུང་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེའང་ཡག་པོ་ཞིག་སླེབ་ཐུབ་པ་ཡིན་ན། གྲོས་ཚོགས་ནང་དུའང་དགོངས་ཚུལ་སྤུང་རྒྱུ་དང་། སྤྱི་པའི་ལས་དོན་ཐོག་ལ་ཐུགས་ཕན་གསོ་རྒྱུ་ཏན་ཏན་ཡོང་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་ཚང་མས་དགོངས་པར་འཆང་རོགས་གནང་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་རྒྱ་ཆེའི་མང་ཚོགས་ལའང་ཞུ་རྒྱུར། གྲོས་ཚོགས་ཀྱིས་ལས་རིམ་བསྐྱངས་པ་རེད། གྲོས་ཚོགས་ཀྱིས་ལས་རིམ་སྐྱོང་པའི་སྐབས་སུ་འཛིན་སྐྱོང་དང་གྲོས་ཚོགས་དབར་ཡིན་ནའང་འདྲ་འདུག གྲོས་ཚོགས་འཐུས་མི་དབར་ཡིན་ནའང་འདྲ་འདུག ཏོག་ཙམ་བཀའ་མོལ་གསུང་སྟངས་དང་ཚིག་རྒྱག་མཐོ་དམན་དང་། ལྷ་སྐུ་བསྒྲིགས་པ་ནང་བཞིན་ཡོང་གི་མ་རེད་པཱ། མི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ལབ་ཀྱི་ཡོད་པ་རེད། བསམ་ཚུལ་ཏོག་ཙམ་མ་འདྲ་བ་ཡོང་གི་ཡོད་པ་རེད། དེ་ཆོས་ཉིད་ཆགས་བསྡད་ཡོད་པ་རེད། མང་གཙོའི་སྤྱི་ཚོགས་ནང་དུ་ཡོང་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡོང་དུས་དེར་གོ་ནོར་མ་ཐེབས་པའི་ཐོག་ནས། གང་ལྟར་ཁ་ཤས་ཀྱིས་གྲོས་ཚོགས་ནང་དུ་བཀའ་མོལ་གསུངས་པ་དེ་ཚོ་གཅོད་གཏུབ་བྱས་ནས་ཕར་ཚུར་བཏང་ནས་དཀྲོག་གཏམ་གྱི་རྣམ་པ་བཟོ་རྒྱུ་དེ་འདྲ་ཡོང་གི་འདུག དེ་མིན་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་ཐུགས་སྣང་གནང་ནས། དེའི་དགོས་པ་རྒྱུ་མཚན་དང་། རྐྱེན་རྩ། གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ལ་ཐུགས་ཞིབ་ཅིག་གནང་ན་ཏན་ཏན་སོ་སོ་ལའང་བློ་སྐྱེད་རག་གི་རེད་པཱ། དེ་མ་གཏོགས་གང་ཟག་གཅིག་གིས་གཅིག་བཤད་ཀྱི་འདུག་ཟེར་ནས། སོ་སོས་དགའ་དང་མི་དགའ་ཡི་བཀའ་མོལ་ཐོག་ལ་འཕྲོས། དེ་ནས་སྤྱི་ཚོགས་ནང་དུ་བཀྲམ་ནས་སྤྱི་ཚོགས་ནང་དུ་རྣམ་རྟོག་མང་པོ་ཡོང་སྡོད་ཀྱི་འདུག་པཱ། དེ་འདྲ་མ་གནང་རོགས་གནོངས། གང་ལྟར་ང་ཚོའི་སྒྲིག་འཛུགས་རེད། དེ་ག་ནང་བཞིན་མང་ཚོགས་རེད། ལྷག་པར་དུ་ང་ཚོ་མང་གཙོའི་སྒྲིག་འཛུགས་ཤིག་ཆགས་བསྡད་དུས། དེ་སྲུང་སྐྱོབ་བྱ་རྒྱུའི་འགན་དེ་ཚང་མ་ལ་ཡོད་རེད་མ་གཏོགས། གྲོས་ཚོགས་འཐུས་མི་གཅིག་པུ་ལ་རག་ལས་ཀྱི་མ་རེད། མང་ཚོགས་ལའང་འགན་དེ་ཡོད་ཡོད་པ་རེད། མང་ཚོགས་ཀྱིས་འོས་བསྡུ་བྱས་ནས་ང་ཚོ་གྲོས་ཚོགས་ཀྱི་འཐུས་མི་ཆགས་པ་རེད། དེ་ག་ནང་བཞིན་དཔལ་ལྡན་སྲིད་སྐྱོང་ཡིན་ནའང་མང་ཚོགས་ཀྱིས་འོས་བསྡུ་བྱས་ནས་ཡར་སླེབ་ཀྱི་ཡོད་པ་རེད། དེ་བརྒྱུད་ནས་གྲོས་ཚོགས་ཀྱིས་འོས་བསྡུ་བྱས་ནས་བཀའ་བློན་རྣམ་པ་སླེབ་ཀྱི་ཡོད་པ་རེད། མཐའ་མར་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ང་ཚོས་ལས་དོན་ཞུ་ཡི་ཡོད་པ་རེད་ལ། མང་ཚོགས་ནས་ཀྱང་གྲོས་ཚོགས་ཀྱི་ལས་དོན་དེ་དོགས་པ་རྣམ་རྟོག་རང་གི་ཐོག་ནས་མ་འཁྲིད་པའི་ཐོག་ནས། བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་དང་། སོ་སོའི་ངོས་ནས་ཞིབ་འཇུག་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག འདི་གཅིག་ཞུ་རྒྱུ་ཡིན།

དེ་རིང་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི༸སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་ནས་གླེང་སློང་གང་ལ་གང་འཚམ་བྱུང་སོང་། དེ་ལའང་དཔལ་ལྡན་སྲིད་སྐྱོང་རེད། དེ་ག་ནང་བཞིན་ཕྱི་དྲིལ་བཀའ་བློན་གྱི་ཐོག་ནས་གསལ་བཤད་བྱུང་སོང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དེ་ལོ་སྟོང་ཕྲག་ཉེ་བ་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་དྲུག་ཅུ་ཡས་མས་འགྲོ་ཡི་ཡོད་པ་རེད། ཕྱི་ལོ་ ༢༠༠༧ ནས་བཟུང་སྟེ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་སྲོལ་ཡིག་དེ་འདྲ་རྒྱ་ནག་གིས་གཏན་འབེབས་དང་ལག་བསྟར་བྱས་ནས་འགྲོ་བཞིན་པ་རེད། དེ་ཆབ་སྲིད་ཀྱི་དགོས་དབང་རང་གི་ཐོག་ནས་འགྲོ་བསྡད་ཡོད་པ་རེད། ཡིན་ནའང་། བོད་ནང་ནང་ཆོས་དར་ནས་ལོ་ཉིས་སྟོང་ཉེ་བ་ཆགས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་སྤྲུལ་སྐུའི་ལམ་ལུགས་ཡོང་བ་ནས་ལོ་ཆིིག་སྟོང་ཡས་མས་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྲེང་དེ་རྩིས་པ་ཡིན་ན། དང་པོ་༸རྒྱལ་དབང་དགེ་འདུན་གྲུབ་པ་ནས་ད་ལྟ་བར་དུ་རྩིས་པ་ཡིན་ན་ལོ་བདུན་བརྒྱ་ཉེ་བ་ཆགས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་༸རྒྱལ་དབང་ལྔ་པས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་པ་ནས་རྩིས་ན་ལོ་བཞི་བརྒྱ་ཉེ་བའི་གནས་སྟངས་ཆགས་ཡོད་པ་རེད། དེ་འདྲའི་ཐོག་ནས་༸སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དེ། རྩ་བའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་ཐོག་ནས་འགྲོ་ཐུབ་དགོས་པའི་གནས་སྟངས་གཅིག་རེད་ལ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༩ ནས་གསུངས་པ་དང་། ཕྱི་ལོ་ ༢༠༡༡ ནས་༸སྐྱབས་མགོན་རིན་པོ་ཆེས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་པ་རེད། དེར་གཞིར་བཞག་ནས་མ་འོངས་པར་ང་ཚོས་ལག་བསྟར་བྱེད་ཕྱོགས་དེ། ད་ལྟ་༸སྐྱབས་མགོན་རིན་པོ་ཆེ་༸སྐུ་དངོས་སུ་འཚོ་བཞུགས་ཀྱི་ཐོག་ནས་ཡང་སྲིད་ག་པར་ཕེབས་ཀྱི་ཡོད་མེད། དེར་བཙལ་འཚོལ་གང་འདྲ་གནང་དགོས་མེད། དེ་ཏན་ཏན་༸སྐྱབས་མགོན་རིན་པོ་ཆེ་སྐུ་དངོས་སུ་ཞལ་བཞུགས་པའི་སྐབས་སུ་གསལ་པོ་ཡོང་གི་རེད་བསམ་གྱི་འདུག དེ་ཡིན་དུས་དེ་ག་རང་ལ་བོད་ཕྱི་ནང་གཉིས་ཀ་ནས་ངོས་འཛིན་དང་ཐག་གཅོད་གནང་ནས་འགྲོ་ཐུབ་དགོས་པའི་གནས་སྟངས་གལ་ཆེན་པོ་ཞེ་དྲག་ཅིག་ཆགས་ཀྱི་ཡོད་པ་རེད། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་རེད། དེ་མ་ཡིན་པ་དོ་སྣང་བྱེད་མཁན་མང་པོ་ཞིག་གིས་དེར་ཞིབ་འཇུག་བྱས་ནས་ངས་ཞེ་དྲག་ཅིག་ཕན་ཐོགས་པའི་གནས་སྟངས་གང་ཡང་མཐོང་གི་མི་འདུག དེར་ཞིབ་འཇུག་བྱས་པ་ཡིན་ན། རིགས་གཅིག་གིས་དེར་མགོ་རྨོངས་རྫས༌ཆགས་ནས། ང་ཚོའི་ལམ་ལུགས་ནང་དུ་བང་བསྒྲིགས་པ་ནང་བཞིན་ཡོད་མ་རེད། མཚམས་རེར་ཡང་སྲིད་ཐོག་ལ་རྩོད་རྙོག་དེ་འདྲ་བྱུང་ཡོད་པ་རེད། དེ་ཡིན་དུས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཐོག་ལ་གནས་སྟངས་མང་པོ་ཡོད་དུས། དེར་ཞེ་དྲག་ཅིག་ཞིབ་འཇུག་བྱས་ནས་ངས་དེར་གྲུབ་དོན་སྙན་ཐོ་ཡག་པོ་ཞིག་ཐོན་རྒྱུ་ཡོད་པ་གང་ཡང་མཐོང་གི་མི་འདུག ཡིན་ནའང་། ༸སྐྱབས་མགོན་རིན་པོ་ཆེ་སྐུ་དངོས་སུ་ཞལ་བཞུགས་པའི་སྐབས་སུ་ཁོང་གིས་གང་གསུངས་པ་དེར་ང་ཚོས་ཐེ་ཚོམ་མེད་པར་མདུན་སྐྱོད་བྱེད་ཐུབ་པ་དང་། དེ་འདྲའི་ཐག་གཅོད་ཅིག་གནང་བ་ཡིན་ན་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་རེད། རྒྱལ་སྤྱིའི་སྤྱི་ཚོགས་རེད། དེ་ག་ནང་བཞིན་ནང་ཆོས་ལ་དོན་གཉེར་ཅན། ༸སྐྱབས་མགོན་རིན་པོ་ཆེ་མཆོག་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། ད་ལྟའི་ཆར་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཆགས་བསྡད་ཡོད་པ་རེད། ནང་པ་ཡོངས་རྫོགས་ཀྱི་དབུ་ཁྲིད་ལྟར་ཆགས་ཡོད་པ་རེད། དེ་ག་ནང་བཞིན་ཁ་སྔོན་༸སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གསུངས་བ་ནང་བཞིན་རྒྱ་ཧོར་བོད་གསུམ་ཟེར་ནས། དེ་འདྲའི་གནས་སྟངས་ཆགས་བསྡད་དུས། ཚང་མ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་ཚང་མས་བརྩི་བཀུར་ཐོབ་ཡོད་དུས། ང་ཚོའི་བཞེངས་ཕྱོགས་དེའང་གཙོ་བོ་དགའ་ལྡན་ཕོ་བྲང་གི་འགན་འཁུར་མཁན་རྣམ་པ་རེད། དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་རེད། གྲོས་ཚོགས་རེད། ང་ཚོས་དེར་གཞོགས་འདེགས་ག་རེ་ཞུ་དགོས་ནའི་ང་ཚོས་ཐེ་ཚོམ་མེད་པ་ཞུ་ཐུབ་རྒྱུའི་གནས་བབ་ཡོད་རེད་ལ། ཞུ་དགོས་ངེས་ཆགས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་སུ་གང་ཐག་བཅད་པ་དེར་ང་ཚོས་གཞི་བཟུང་ནས་ཐེ་ཚོམ་མེད་པར་འགྲོ་ཐུབ་དགོས་པ་དེ་ང་ཚོའི་གནས་བབ་ཆགས་ཀྱི་ཡོད་པ་རེད། དེ་ནང་བཞིན་རྒྱ་ནག་གི་ཆབ་སྲིད་གནས་བབ་ཀྱི་ཐོག་ནས། ད་ལྟའི་ཆར་གོ་ཐོས་བྱས་ན། ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཚོགས་ཆུང་དེ་འདྲ་བཙུགས་ཡོད་རེད་ཟེར་གྱི་འདུག སྐད་ཆ་དེ་འདྲ་གོ་རྒྱུ་འདུག དེ་ཚོ་ཆབ་སྲིད་ཀྱི་དགོས་མཁོ་རང་ལ་དམིགས་ནས་བཟོ་ཡི་ཡོད་པ་རེད། འདི་གནས་སྟངས་ཁ་ཁ་ཅིག་རེད། ཡིན་ནའང་། ང་རང་ཚོའི་སྤྱི་ཚོགས་རེད། ང་རང་ཚོར་འབྲེལ་བ་ཡོད་པ་དེར་བསམ་ཚུལ་མ་ཡོང་བ་ཞིག་དང་། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་གྲ་སྒྲིག་ཨང་གསར་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་རེད་འདུག འདི་གཅིག་ཞུས་ན་བསམས་བྱུང་།

དེ་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་གང་ལ་གང་འཚམ་ཡར་མཐོ་པོར་ཕེབས་ཡོང་གི་ཡོད་པ་རེད། ངས་ཁ་སྔོན་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་ནང་དུ་ཞུས་པ་ཡིན། གྲོས་ཚོགས་དབུ་འཛུགས་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་འགན་འཁུར་བཞེས་ནས་ལྷ་མི་ཡོངས་རྫོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞིག་ཞུས་པ་རེད། སྐབས་དེ་དུས་ཀྱང་ལོ་བཅུ་ཕྲག་འགའ་ཤས་རིང་མུ་མཐུད་བཞུགས་རྒྱུ་གསུངས་ཡོད། བཅུ་ཕྲག་འགའ་ཤས་ཟེར་དུས། ད་ལྟ་དགུང་ལོ་ ༨༩ ལ་ཕེབས་ཡོད་པ་རེད། བཅུ་ཕྲག་འགའ་ཤས་ཟེར་དུས་ལོ་ ༡༠༠ ཡན་ལ་ཆགས་ཀྱི་ཡོད་པ་རེད། དགུང་ལོ་ ༡༡༠ དེ་འདྲ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་། ཁོང་གིས་ལོ་བཅུ་ཕྲག་འགའ་ཤས་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཞེ་དྲག་ཅིག་ཐོབ་ཡོད་པ་རེད། དེ་ཐོབ་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། ང་རང་ཚོས་སྤྱི་མཐུན་གྱི་བསོད་ནམས་དེ་གསོགས། དེ་ག་ནང་བཞིན་༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་རིང་པོ་བཞུགས་རྒྱུར་སོ་སོས་དགེ་སྒྲུབ་སྡིག་སྤོང་ཡིན་ནའང་། ང་རང་ཚོ་དཀྱིལ་འཁོར་ནང་དུ་ཡོད་མཁན་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་མང་ཚོགས་ཡིན་ནའང་འདྲ་འདུག དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ནས་རང་དོན་རང་གཅེས་ཀྱི་ཐོག་ནས་དགེ་སྒྲུབ་སྡིག་སྤོང་བྱ་རྒྱུ། དེ་ག་ནང་བཞིན་ཚེ་ཐར་སྲོག་བླུ་གཏོང་རྒྱུ། དེ་ནས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་། བོད་མི་ཟེར་དུས་བོད་མི་ས་ཡ་དྲུག་རེད། དེའི་ནང་ནས་ཁུངས་འདྲ་ཞིག་ཚུར་བསྡུས་པ་ཡིན་ན། བོད་ཆོལ་ཁ་གསུམ་ལབ་ཀྱི་ཡོད་པ་རེད། དེ་ཚོའི་གྲས་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ཐོག་ནས་གནས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད། སྔོན་མ་ང་སྤྱི་འཐུས་སྐབས་བཅུ་དྲུག་གི་ཚོགས་གཙོ་ཡིན་པའི་སྐབས་སུ། དེ་དུས་༸སྐྱབས་མགོན་རིན་པོ་ཆེའི་གཟིམ་ཆུང་མཇལ་ཁ་ཞིག་ཞུས་པ་རེད། སྐབས་དེ་དུས་༸སྐྱབས་མགོན་རིན་པོ་ཆེ་ནས་བཀའ་འདི་འདྲ་ཞིག་ཕེབས་བྱུང་། ང་ཚོ་ཆོལ་ཁ་གསུམ་མཉམ་གནས་བྱེད་ཐུབ་ཀྱི་རེད་པཱ། གདན་ས་ཁག་ཏུ་ལོ་བརྒྱ་ཕྲག་མང་པོ་འདིའི་རིང་ལ་ཆོལ་ཁ་གསུམ་མཉམ་གནས་ཐུབ་པ་རེད་པཱ། དེར་དཀའ་ངལ་གང་ཡང་མི་འདུག་པཱ་ཞེས་གསུངས་སོང་། དེ་འདྲའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་དུ་སོ་སོའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་སྐད་ཆ་གྲ་འགྲིག་དང་མ་འགྲིག་ཕྲན་བུ་ཡོང་གི་ཡོད་པ་རེད། དེའི་རྐྱེན་བྱས་ནས་ཆོལ་ཁ་དབར་འགལ་ཟླ་ཆགས་རྒྱུའི་དགོངས་པ་བཞེས་པ་ཡིན་ན་ཏན་ཏན་ནོར་ཡོད་པ་རེད་གདའ། དེས་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལའང་གནོད་ཀྱི་ཡོད་པ་རེད། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་རེད། དེ་ག་ནང་བཞིན་ང་ཚོས་བོད་དོན་བདེན་མཐའ་གསལ་བར་ཆིག་སྒྲིལ་གྱི་ནུས་པ་དེ་ལའང་གནོད་ཀྱི་འདུག་པཱ། ང་ཚོས་གལ་ཆེ་བ་གཅིག་དེ། ཆོས་དང་རིག་གཞུང་ཟེར་གྱི་ཡོད་པ་རེད། ཆོས་དང་རིག་གཞུང་དེ་གང་ཟག་གཅིག་གཉིས་ཀྱིས་འཛིན་ཐུབ་ཀྱི་མ་རེད་པཱ། ཆོལ་གསུམ་ཐུན་མོང་གི་ཐོག་ནས་མ་འདྲ་བའི་རིག་གཞུང་འཛིན་དགོས་དུས། དེ་འདྲའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་པ་ཆགས་བསྡད་ཡོད་པ་རེད། མདོར་ན། དམ་ཚིགས་འོ་ཆུ་གཅིག་འདྲེས་གནང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། གང་ལྟར་མཛད་གཙོ་རྣམ་པའི་གནང་ཕྱོགས་ཡིན་ནའང་འདྲ་འདུག མང་ཚོགས་ནང་དུའང་གནང་ཕྱོགས་ཡིན་ནའང་འདྲ་འདུག མཚམས་རེར་བསམ་ཚུལ་མ་མཐུན་པ་ཡོང་གི་ཡོད་པ་རེད་དེ། གོ་བསྡུར་སྦྱང་བཤད་བྱས་ནས། གདོང་ལེན་བཟང་ས་ནས་བྱས་ནས་སྤྱི་པའི་ལས་དོན་གྱི་ཐོག་ལ་ནུས་པ་མཉམ་སྤུངས་ཡོང་ཐུབ་པར་ཚང་མས་འགན་འཁུར་བཞེས་པ་ཡིན་ན། དེར་དཀའ་ངལ་ཡོང་ངེས་མཐོང་གི་མི་འདུག འདི་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཞིག་གནང་བ་ཡིན་ན་༸སྐྱབས་མགོན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་སྐུ་ཚེ་རིང་དུ་འགྲོ་རྒྱུ། དེ་ག་ནང་བཞིན་ང་ཚོའི་སྤྱི་ཚོགས་འདི་ཡང་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པར་དགེ་ཕན་ཆེན་པོ་ཞིག་འདུག དེ་འདྲ་སོང་ཙང་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་ང་ཚོས་མ་འོངས་པར་མུ་མཐུད་ནས་ཆོལ་གསུམ་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ཐོག་ནས་འགྲོ་ཐུབ་དགོས་རྒྱུའི་གནས་སྟངས་དེ་གལ་ཆེན་པོ་རེད་འདུག འདི་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་བཞེས་པའི་སྐབས་སུ། བཀུར་འོས་སྤྱི་འཐུས་རྣམ་པ་རེད། དེ་ག་ནང་བཞིན་འཛིན་སྐྱོང་རེད། ང་ཚོས་བཀའ་མོལ་གསུང་ཡོང་དུས། མཚམས་རེར་གོ་ནོར་ཐེབས་ནས་ཚིག་མཐོ་དམན་དེ་འདྲ་ཡོང་གི་འདུག མ་འོངས་པར་དེ་རིགས་ཡིན་གཅིག་མིན་གཅིག་གསུང་དགོས་པ་འདུག་གམ་མི་འདུག གང་ལྟར་གཏམ་སྙན་པོའི་ཐོག་ནས་དོན་དག་གོ་རྒྱུ་གཏོང་ཐུབ་པ་ཡོད་རེད་སྙམ། ང་ཚོའི་རིག་གཞུང་ཕྱུག་པོ་རེད། སྐད་ཡིག་ཕྱུག་པོ་རེད། དེ་ཡིན་དུས་ཚིག་མང་པོ་བེད་སྤྱོད་གཏོང་རྒྱུ་ཡོད་རེད། དེ་འདྲའི་ཐོག་ནས་བྱུང་བ་ཡིན་ན། མི་ཟེར་དུས། བདག་ཅག་གི་སྟོན་པས་འཁོར་བསྡུ་བ་རྣམ་བཞི་གསུང་ཡོང་དུས། དང་པོ་སྙན་པར་སྨྲ་བ། དེ་ནས་སྦྱིན་པ་བཏང་བ། དོན་མཐུན་པ། དོན་སྤྱོད་པ་ཟེར་ནས། དང་པོ་སྙན་པར་སྨྲ་བ་ཟེར་དུས་ཚིག་སྙན་མོའི་ངང་བཀའ་མོལ་གསུང་རྒྱུ་ཡོང་བ་ཡིན་ན། རང་བཞིན་གྱིས་ཉེ་པོ་ཡོང་རྒྱུ་བརྒྱུད་ལམ་འདྲ་པོ་ཞིག་རེད། ཐབས་ལམ་འདྲ་པོ་ཞིག་རེད། དེ་འདྲའི་ཐོག་ནས་མ་འོངས་པར་གྲོས་ཚོགས་ནང་དུ་ཆ་ཤས་བཞེས་པའི་སྐབས་སུ་དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལ་ཏན་ཏན་ཐུགས་སྣང་གནང་དགོས་ཀྱི་འདུག ཁ་སང་ང་ཚོས་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་དང་པོ་དང་གཉིས་པ་སྐྱོང་བའི་སྐབས་སུ་ཁག་པོ་ཞེ་དྲག་འདུག་པཱ། ཁྲིམས་དང་སྒྲིག་གཞི་ཤེས་པ་ཡིན་ན་ཚོགས་གཙོས་གཙོ་སྐྱོང་བྱ་རྒྱུར་དཀའ་ངལ་གང་ཡང་མི་འདུག ཁྲིམས་སྒྲིག་གཞི་མ་ཤེས་དུས་ངོ་སྤྲོད་དགོས་ན་སྤྲོད་ཐུབ་ཀྱི་མི་འདུག ཁག་པོ་ཞེ་དྲག་འདུག དེར་ཐུགས་སྣང་གནང་བ་ཡིན་ན་ཤེས་འགྲོ་ཡི་རེད་པཱ། རྣམ་པ་ཚོས་ཁ་སང་ཁྲིམས་སྒྲིག་བསྐྱར་བཅོས་སྐབས་སུ་བརྗོད་པ་གཉིས་པ་གཏན་འབེབས་བྱས་པའི་བརྙན་ཐུང་དེ་གཟིགས་ནས། དེ་ནས་སྒྲིག་གཞིའི་ནང་དུ་གཟིགས་དང་། དེ་ནས་གནས་སྟངས་གང་འདྲ་ཆགས་ཀྱི་འདུག་སོ་སོར་ར་འཕྲོད་ཡོང་གི་རེད། དེ་འདྲ་ཡིན་དུས་ཁྲིམས་སྒྲིག་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་ག་ནང་བཞིན་བཟོ་བཅོས་ཁྲིམས་འཆར་ཡིན་ནའང་འདྲ་འདུག བཟོ་བཅོས་གྲོས་འཆར་ཡིན་ནའང་འདྲ་འདུག ང་ཚོས་ལས་རིམ་འདི་སྔོན་མ་ནས་སྒྲིག་ཡོང་གི་ཡོད་པ་རེད། དེ་གཞིར་བཟུང་སོ་སོར་དགོངས་ཚུལ་ཡོད་ན་སྒྲིག་གཞི་གཞིར་བཟུང་གནང་ཐུབ་པ་ཡིན་ན། ཚོགས་གཙོས་ལས་རིམ་སྐྱོང་རྒྱུ་ལའང་དཀའ་ངལ་མེད་པ། ལས་རིམ་དེའང་འགྲོ་ཐུབ་པ། དེ་ག་ནང་བཞིན་དེ་ལ་བགྲོ་གླེང་དང་། ཐག་གཅོད་ཡག་པོ་ཡོང་རྒྱུ་ཆགས་ཀྱི་འདུག དེ་མིན་ཟང་ངི་ཟིང་ངི་ཆགས་བསྡད་དུས། ལས་རིམ་དེ་འཐུས་ཚང་བ་དང་ཚགས་ཚུད་པོ་ཡོང་རྒྱུར་ཁག་པོ་ཞེ་དྲག་ཆགས་ཀྱི་འདུག ལས་རིམ་ཚགས་ཚུད་པོ་དང་འཐུས་ཚང་བ་ཡོང་བར། གཙོ་བོ་བཀུར་འོས་སྤྱི་འཐུས་རྣམ་པའི་མཐུན་འགྱུར་དེ་རེད། མཐུན་འགྱུར་ཡག་པོ་མ་ཡོང་ན་ཡོང་རྒྱུ་མི་འདུག དེ་འདྲ་སོང་ཙང་མ་འོངས་པར་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་ཆ་ཤས་བཞེས་སྟངས་རེད། དེ་ཚོའི་ཐོག་ལ་ཐུགས་གཞིག་གནང་རོགས་གནོངས་ཞུ་རྒྱུ་ཡིན།

དེ་ནས་ལས་རིམ་སྐྱོང་བའི་སྐབས་སུ་ལས་རིམ་གང་བསྐྱངས་པ་དེ་ལ་ཆ་ཤས་ལེན་རྒྱུ་མ་གཏོགས། འདས་པའི་གནས་སྟངས་ཚུར་ལེན་རྒྱུ། མ་འོངས་པའི་གནད་དོན་ཡར་སྣོན་རྒྱུ། མང་པོ་ཞིག་གླེང་ཡོང་དུས་རང་བཞིན་གྱིས་གཙོ་སྐྱོང་བྱ་རྒྱུ་ལ་ཁག་པོ་ཞེ་དྲག་ཆགས་ཀྱི་འདུག ལས་རིམ་དང་འབྲེལ་བ་ཆགས་མིན་ལ་བལྟས་ནས་སོ་སོས་གཏམ་བཤད་གང་གནང་དགོས་ནའང་འདྲ་འདུག དཔེར་ན། ཤེས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་ཡིན་ན། ཤེས་རིག་ལས་ཁུངས་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་གནང་རྒྱུ། དེ་ག་ནང་བཞིན་བདེ་སྲུང་ལས་ཁུངས་དང་འབྲེལ་བའི་ཐོག་ནས་ཡིན་ན། བདེ་སྲུང་ལས་ཁུངས་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་གནང་རྒྱུ། དེ་མིན་པར་བདེ་སྲུང་གི་ཐོག་ལ་ཤེས་རིག་བླངས། ཤེས་རིག་གི་ཐོག་ལ་བདེ་སྲུང་ལེན་བསྡད་ན། དེ་ནས་གཙོ་སྐྱོང་བྱེད་མཁན་ལ་ཁག་པོ་རེད། ལན་འདེབས་རྒྱུ་ལའང་ཁག་པོ་ཞེ་དྲག་ཆགས་ཀྱི་འདུག་པཱ། དེ་ཡིན་དུས་མ་འོངས་ལས་རིམ་གང་སྐྱོང་བ་ཡིན་ནའང་དེ་གཞིར་བཟུང་ཆ་ཤས་བཞེས་ནས་འགན་འཁུར་ཞུ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་ནས་གྲོས་ཚོགས་འདི་གྲོལ་བའི་རྗེས་སུ། སྤྱི་འཐུས་རྣམ་པ་ས་བགོས་ཕྱོགས་བསྐྱོད་དང་པོ་དེར་ཕེབས་ཟིན་པ་རེད། ས་བགོས་ཕྱོགས་བསྐྱོད་ཐེངས་གཉིས་པ་དེ་འགོ་འཛུགས་ཀྱི་ཡོད་པ་རེད། དང་པོའི་སྐབས་སུ་ས་གནས་ཁག་འགའ་ཤས་ཤིག་མ་གཏོགས། མང་ཆེ་བར་སྤྱི་འཐུས་རྣམ་པ་ཕེབས་ཐུབ་ཡོད་པ་རེད། དེའི་ཐོག་ནས་མང་ཚོགས་ལའང་ཏན་ཏན་ཐུགས་ཕན་གསོས་ཡོད་པ་རེད། དེ་ག་ནང་བཞིན་འཛིན་སྐྱོང་རེད། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཀྱི་ཆ་ནས་མང་ཚོགས་ཀྱིས་མཁྱེན་རྟོག་ཡོང་རྒྱུའི་ཐོག་ལའང་ཏན་ཏན་ཐུགས་ཕན་གསོས་ཡོད་པ་རེད།

དེ་ག་ནང་བཞིན་རྩིས་ལོ་འདིའི་ནང་དུ་ས་བགོས་ཕྱོགས་བསྐྱོད་ཕེབས་རྒྱུའི་གནས་སྟངས་ཆགས་ཀྱི་རེད། དེ་ཚོའི་ཐོག་ལ་ཡིན་ནའང་མང་ཚོགས་ནས་འགན་འཁུར་བཞེས་དགོས་རྒྱུ། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་ས་གནས་ཚང་མར་ཕེབས་ནས་མང་ཚོགས་ལ་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་རེད། དེ་ག་ནང་བཞིན་མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་ཁོང་ཚོའི་དགོངས་ཚུལ་གང་འདྲ་འདུག ཁོང་ཚོའི་གནས་སྟངས་ཀྱི་ཐོག་ནས་ཤེས་ཡོན་དང་། འཕྲོད་བསྟེན། ཉམ་ཐག་གི་གནས་སྟངས་རེད། དེ་ཚོ་ཚང་མ་ཞིབ་ཚགས་པོ་གཟིགས་པ་ཡིན་ན། གྲོས་ཚོགས་ནང་དུ་གླེང་སློང་བྱུང་བ་ཡིན་ནའང་རྒྱུ་མཚན་དང་ལྡན་པ་ཆགས་ཀྱི་ཡོད་པ་རེད། གཅིག་བཤད་ཀྱི་འདུག གཉིས་བཤད་ཀྱི་འདུག་ཟེར་བསྡད་ན་དེར་རྒྱུ་མཚན་མེད་དུས། འཛིན་སྐྱོང་ནས་ལན་འདེབས་དགོས་ནའང་ཁག་པོ་ཞེ་དྲག་ཅིག་ཆགས་ཀྱི་འདུག་པཱ། དེ་ཡིན་དུས་ཁུངས་དང་རྒྱུ་མཚན་ལྡན་པ་ཡིན་ན་དེའི་ཐོག་ནས་ལམ་སང་དཀའ་ངལ་སེལ་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དེར་བསྐྱར་དུ་རྩད་ཞིབ་བྱེད་དགོས་ཐུག་ན་དུས་འགོར་ཡོང་རྒྱུ་དང་། དུས་ཚོད་འཕྲོ་བརླག་གཏོང་རྒྱུའི་གནས་སྟངས་འདྲ་ཞིག་ཆགས་ཀྱི་ཡོད་དུས། མ་འོངས་པར་ས་བགོས་ཕྱོགས་བསྐྱོད་ཕེབས་དུས་བཀུར་འོས་སྤྱི་འཐུས་རྣམ་པས་སྙན་ཐོ་བསྣམ་སྟངས་རེད། མང་ཚོགས་ཀྱི་གནས་སྟངས་གཟིགས་ཞིབ་རེད། མར་གསུང་བཤད་གནང་རྒྱུ་རེད། དེ་ཚོའི་གྲས་ཚགས་ཚུད་པོ་ཡོང་ཐུབ་པར་ཚོགས་གཙོ་གཉིས་ཀྱི་ཐོག་ནས་རེ་བ་བྱེད་ཀྱི་ཡོད།

དེ་ག་ནང་བཞིན་གྲོས་ཚོགས་འདི་གྲོལ་བའི་རྗེས་སུ་ཆབ་སྲིད་ཀྱི་ལས་འགུལ་རེད། ཆབ་སྲིད་ཀྱི་ལས་འགུལ་དེ་གཙོ་བོ་རྒྱ་གར་གྱི་མངའ་སྡེ་ཁག་ནང་དུ་སྤྱི་འཐུས་རྣམ་པ་གསུམ་བཞི་དེ་འདྲ་ཆ་བགོས་བྱས་ནས། རྣམ་པ་ཚོར་ལམ་སྟོན་དེ་ཚོ་ཕུལ་ཟིན་པ་རེད། བཀུར་འོས་སྤྱི་འཐུས་ཚོ་འདིར་བཞུགས་ཡོད་དུས། ཉིན་འགའ་ཤས་རྗེས་ལ་ཟབ་སྦྱོང་ཉིན་གྲངས་ ༣ ཡོད་པ་རེད། དེ་ཚོའི་ཐོག་ལ་གོ་བསྡུར་གནང་སྟེ་ལས་རིམ་བསྒྲིགས་ནས། མ་འོངས་པའི་ལས་དོན་བྱེད་ཕྱོགས་དེ་ཚགས་ཚུད་པོ་དང་ཡག་པོ་ཞིག་ཡོང་ཐུབ་པར་གལ་ཆེན་པོ་ཞེ་དྲག་མཐོང་གི་འདུག རྒྱ་གར་འདི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། འདིའི་ནང་དུ་ང་ཚོས་བོད་དོན་གྱི་གོ་རྟོགས་ཡག་པོ་ཞིག་སྤེལ་ཐུབ་པ་ཡིན་ན། ད་ལྟའི་ཆར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་ལ་རྒྱབ་སྐྱོར་རེད། དེ་ག་ནང་བཞིན་ཆོས་དང་རིག་གཞུང་ཐོག་ལ་རྒྱབ་སྐྱོར་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། མ་འོངས་པར་བོད་དོན་བདེན་མཐའ་གསལ་བ་ཡིན་ན། རྒྱ་གར་འདི་ཁྱིམ་མཚེས་ཉེ་ཤོས་དང་བློས་ཐུབ་ཀྱི་རྒྱལ་ཁབ་ཅིག་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་ཡིན་ནའང་ཏན་ཏན་ཐུགས་ཕན་གསོ་ཡི་རེད་སྙམ། དེ་ཡིན་དུས་རྣམ་པ་ཚོས་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། བོད་དོན་ཐོག་ལ་རྒྱབ་སྐྱོར་ཐོབ་རྒྱུའི་ཐོག་ལ་དགོངས་པ་བཞེས་ནས། དེ་ག་ནང་བཞིན་རྒྱུན་ལས་ཀྱི་ཐོག་ནས་གཏན་འབེབས་ཀྱིས་ལས་རིམ་བསྒྲིགས་པ་གཞིར་བཟུང་གོམ་པ་སྤོས་ཐུབ་པར་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

ཡོངས་ཁུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།