19
Fri, Apr

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཚོགས་ཐུན་བཞི་པ། པར། སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༣ ཚེས་༢༢་ཉིན་སྤེལ། གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཚོགས་ཐུན་བཞི་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་གིས་དཔྱ་དངུལ་འབུལ་འབབ་ཆག་ཡང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བར། སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་པའི་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་རྩིས་ལོ་༢༠༢༢་་་༢༣ བར་གྱི་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱ་ཆ་༩༠ ཆག་ཡང་དང་འཕྲོས་བརྒྱ་ཆ་༡༠ དོ་བདག་ནས་སྡེབ་འབུལ་དགོས་ཡོད་པའི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབ་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཚོགས་ཐུན་བཞི་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་དཔྱ་དངུལ་འབུལ་འབབ་ཆག་ཡང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་ཡོད་པ་དང་། གྲོས་ཆོད་གྲོས་འཆར་དེར་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས་སྤྱི་མོས་གཏན་འབེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དཔྱ་དངུལ་འབུལ་འབབ་ཆག་ཡང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་ཡོད་འདུག དེ་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཞིག་གིས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་ཡོད་དགོས་པ་དང་བཟོ་དགོས་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་ལོ་རེར་དཔྱ་དངུལ་འབུལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་རང་ཉིད་བོད་པ་ཡིན་ཞེས་པའི་དཔང་རྟགས་ཤིག་རེད། ཅེས་དང་། ཡང་སྤྱི་འཐུས་གཞན་ཞིག་གིས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་དབུལ་པོ་ཧ་ཅང་ཡིན་པའི་རྐྱེན་མ་གཏོགས་མང་ཆེ་ཤོས་ཀྱིས་དཔྱ་དངུལ་འབུལ་བཞིན་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་དཔྱ་དངུལ་འབུལ་མཁན་ཉུང་ཉུང་ཡིན་སྐོར་དང་དེའི་རྐྱེན་ནི་བོད་མི་ཚོས་དཔྱ་དངུལ་འབུལ་འདོད་མེད་པ་མིན་པ་དུས་ཚོད་དང་རྐྱེན་གཞན་དབང་གིས་ཡིན་སྐོར། དེར་བརྟེན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོར་དཔྱ་དངུལ་འབུལ་ཐབས་སྟབས་བདེ་བཟོས་ན་དཔྱ་དངུལ་འབུལ་མཁན་མང་བ་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་གསུངས་སོང་།

དེ་ནས་སྤྱི་འཐུས་རྣམ་པས་དྲི་བ་ཁག་ལ་དཔལ་འབྱོར་བཀའ་བློནམཆོག་གིས་དྲི་ལན་གནང་སོང་། དེའི་རྗེས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ལེན་ཐུབ་པའི་གོ་སྐབས་སྤྲོད་ཆེད། རྩིས་ལོ་༢༠༢༢་་་༢༣ བར་གྱི་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱ་ཆ་ ༩༠ ཆག་ཡང་དང་འཕྲོས་བརྒྱ་ཆ་༡༠ དོ་བདག་ནས་སྡེབ་འབུལ་ལམ། ཆ་བགོས་ཀྱིས་ངེས་འབུལ་དགོས་རྒྱུ། ཆག་ཡང་གི་གོ་སྐབས་འདི་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་ལེན་ཐུབ་པ་དགོས་རྒྱུའི་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།