20
Sat, Apr

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་འདུག པར། སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༣ ཚེས་༡༥ ཉིན། གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། ཉིན་བཅུའི་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་སོང་། སྐབས་དེར། ཚོགས་གཙོ་མཆོག་གིས་༸གོང་ས་མཆོག་གི་ཐུགས་དགོངས་གང་ཡོད་བསྒྲུབ་ཐུབ་པ་དང་སྐུ་ཚེ་ཡུན་རིང་འཚོ་བཞུགས་ཐུབ་པར་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་དང་། བོད་ནང་གི་བོད་མི་ཚོས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མི་རྣམས་ལ་རེ་བ་དང་ཡིད་ཆེས་གནང་གི་ཡོད་རེད། དེར་བརྟེན་ཚང་མས་དེའི་ཐོག་བསམ་བློ་བཏང་ནས་མུ་མཐུད་ནས་འགན་ཁུར་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་དཔལ་ལྡན་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་འདུག

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་སྐྱོང་རྒྱུའི་དུས་ཚོད་ཆགས་ཡོད་པ་རེད། དེ་རིང་ནི་ཤིན་ཏུ་དུས་ཚོད་བཟང་པོ་ཞིག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་གཟའ་ལྷག་དཀར་ཆགས་ཡོད། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བོད་གཞུང་མང་ལྷ་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་མ་ཟད། དེ་རིང་ང་ཚོ་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུའི་སྐལ་བཟང་བྱུང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་གཞིར་བཟུང་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་རྒྱ་ཧོར་བོད་གསུམ་གྱི་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བོད་མིའི་ཆབ་སྲིད་ཀྱི་དཀའ་ངལ་སེལ་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་བ་བཅས་སྐལ་བཟང་གི་གོ་སྐབས་སྔོན་དུ་འཆར་རྒྱུ་ཡོང་བའི་དུས་ཚོད་ལ་བོད་མི་ཙམ་མིན་པར་བོད་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ཆབ་སྲིད་དང་། ཆོས་དང་རིག་གཞུང་ཐོག་ནས་ཡིན་ནའང་འདྲ་ཏན་ཏན་ཕན་པ་རྒྱ་ཆེན་པོ་སྒྲུབ་ཐུབ་པ་ཞིག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གང་གནང་བ་དེ་བཙན་བྱོལ་དུ་ཡོད་ང་ཚོ་བོད་མིའི་སྒྲིག་འཛུགས་དང་། བོད་མི་རིགས། ང་ཚོ་དང་འབྲེལ་བ་ཡོད་པའི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་མི་རིགས་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་། དགོངས་པར་གང་ཡོད་པ་དེ་སྒྲུབ་ཐུབ་པ་དང་རྒྱུན་སྐྱོང་བྱེད་ཐུབ་རྒྱུར་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་བཞིན་ཡོད།

༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་མིའི་རྣམ་པའི་ཚུལ་དུ་ཕེབས་ཡོད་སྟབས། ཕྱི་ལུགས་ལྟར་དགུང་ལོ་ ༨༨ དང་བོད་ལུགས་ལྟར་དགུང་ལོ་ ༨༩ ལ་ཕེབས་ཡོད། སྐྱེ་བོ་ཐ་མལ་པ་ཡིན་ན་རང་བཞིན་གྱིས་ཐོག་ནས་གང་ལ་གང་ཙམ་མིའི་བྱ་བ་བྱེད་མ་ཐུབ་པའི་ནུས་ལ་ལྟ་བུ་སླེབ་ཡོང་གི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྐུ་ཤ་རློན་པ་ལས་གྲུབ་པ་ཡིན་སྟབས། ད་ལྟ་ཡིན་ནའང་ཐུགས་བསྐྱེད་རྒྱ་ཆེན་པོ་ཞིག་དང་། དེ་བཞིན་ད་ལྟ་ཡིན་ནའང་མཛད་འཕྲིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་ཐུགས་སྣང་གནང་མཁན་བོད་མི་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་གནང་སའི་གཞི་ཆགས་ཡོད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་གང་ཡོད་པ་དེ་དག་བསྒྲུབ་ཐུབ་པར་སྐུ་ཚེ་ཡུན་རིང་འཚོ་བཞུགས་ཐུབ་པར་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་དམ་ཚིག་མཐུན་ལམ་རྡོག་རྩ་་གཅིག་སྒྲིལ་ཡོང་བ་དང་།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡོད་པ་དེ་སྒྲུབ་ཐུབ་པ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡོང་ཐུབ་དགོས་པ་དེ་བརྟན་བཞུགས་འབུལ་བའི་དམིགས་དོན་གལ་ཆེ་བ་ཞིག་འདི་རེད་བསམ་གྱི་འདུགབོད་མིའི་སྒྲིག་འཛུགས་ནས་འགན་བཞེས་ཏེ་མིག་དཔེ་བསྟན་པ་མ་གཏོགས་ཚང་མས་དེ་ལ་ཕྱར་བ་གྲུ་འདེགས་ཞུ་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡོད་སྟབས། དེ་རིང་འདིར་འཛོམས་པ་ཚང་མ་གནད་ཡོད་རྐྱ་རྐྱང་ཡིན་དུས་དེ་འདྲའི་ཐོག་ལ་མུ་མཐུད་ནས་འགན་ཁུར་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཆགས་ཡོད། ཆབ་སྲིད་ཀྱི་སྐྱབས་བཅོལ་པའི་གནས་སྟངས་ཆགས་ཡོད། མིའི་ལུང་པར་བསྡད་པའི་མི་རིགས་ཤིག་ཆགས་ཡོད། ང་ཚོའི་ཕ་ཡུལ་ནི་ལ་ཕར་ཕྱོགས་ལ་ལྷག་ཡོད། ང་ཚོའི་མི་རིགས་མང་བ་དེ་བོད་ནང་ལྷག་ཡོད། བོད་ནང་གི་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མི་རྣམས་ལ་རེ་བ་དང་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ། བཙན་བྱོལ་དུ་ཡོད་པའི་བོད་རྣམས་ནས་ཀྱང་བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་ནི་རི་ལྟར་གཡོ་བ་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། དེ་ལྟར་ཞུས་པའི་ཐོག་ནས་བོད་གཞིས་བྱེས་ཀྱི་མཛའ་བརྩེ་ཟེར་ན་མི་འདུག གང་ལྟར་སྨོན་འདུན་སྒྲུབ་ཐུབ་པར་ཚང་མས་དགོངས་པ་བཞེས་དགོས་པ་ཞིག་དང་།

ལྷག་པར་རྒྱ་ནག་གཞུང་གིས་སྲིད་བྱུས་བཟུང་བའི་ཐོག་ནས་ད་ལྟ་ཡིན་ནང་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་པའི་གནས་སྟངས་ཆགས་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས། མཐའ་ན་ཁོར་ཡུག་བཅས་མདོར་ན་བོད་ཀྱི་སྣོད་དང་བཅུད་གཉིས་ཀར་ཛ་དྲག་དང་ཉེན་ཚབས་ཆེ་རུ་འགྲོ་བའི་གནས་སྟངས་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་གཏོང་གི་ཡོད་ཅེས་འཛུགས་སྐྲུན་གྱི་ལས་འཆར་མང་པོ་སྟོན་གྱི་ཡོད། ཕྱོགས་མཚུངས་ཆབ་སྲིད་ཀྱི་སློབ་གསོ་རིམ་པ་མང་པོ་སྤེལ་གྱི་ཡོད། མདོར་ན་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག རིག་གཞུང་བཅས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་པ་ཧ་ཅང་གསལ་པོ་རེད། ཟུར་བལྟས་ལེབ་མཐོང་ལྟ་བུ་ཆགས་ཡོད། འོན་ཀྱང་། འཛམ་གླིང་ཁྱོན་ཡོངས་ལ་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད། དེ་བཞིན་རྒྱ་ནག་ནང་དུའང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བཞིན་ཡོད། ད་ཆ་སྲིད་འཛིན་ཞི་ཅིན་ཕིང་ལས་ཡུན་གསུམ་པའི་ལས་ཁུར་འགོ་བཙུགས་ཟིན་པ་རེད། དེ་འདྲའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་གསར་པ་ཞིག་གི་ཐོག་ནས་བོད་ནང་གི་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཅས་ལ་བསྐྱར་ཞིབ་བྱས་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་པ་ཞིག་དང་། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན། བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆགས་ཀྱི་ཡོད། ད་ལྟའི་འགོ་ཁྲིད་ཚོ་ལ་དེ་འདྲའི་ཆོད་སེམས་ཤིག་དང་། བློ་སྟོབས་གསར་པ་ཞིག་སྐྱེས་པའི་ཐོག་ནས་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཁ་སྔོན་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་དུའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཤད་ཡོད། དེ་བཞིན་བཀའ་ཤག་གི་གསུང་བཤད་ནང་དུའང་གསལ་པོ་བྱས་ནས་བཤད་ཡོད། དེ་ཚོའི་ཐོག་ལའང་ཐུགས་སྣང་གནང་དགོས་རྒྱུ་གལ་ཆེན་པོ་རེད།

དེ་བཞིན་༧གོང་ས་མཆོག་དང་མི་རབས་རྣམས་ཀྱིས་སྐུ་ལས་སྐྱོན་པར་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐད་རྒྱབ་སྐྱོར་བྱེད་མཁན་མང་པོ་ཆགས་བསྡད་ཡོད་རེད། དེའི་ནང་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། གྲོས་ཚོགས་འཐུས་མི་དང་མི་སྒེར་སོགས་མང་པོ་ཞིག་ཆགས་བསྡད་ཡོད་རེད། ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ངོ་སྤྲོད་ཞུས་ཟིན་པ་རེད། དེ་རིམ་པ་གཏན་འབེབས་བྱེད་ཐུབ་པའི་རེ་བ་ཞུ་བཞིན། མེག་སི་ཀོ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སི་པན་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་བཙུགས་ཐུབ་ཡོད་རེད། ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་བཞག་ཐུབ་ཡོད་རེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རིམ་པའི་ནང་དུ་བོད་དོན་གླེང་སློང་གནང་ཡོད་པ་དང་། གཞུང་དང་གཞུང་འབྲེལ་མིན་པི་ཚོགས་པ་མང་པོ་ཞིག་གི་སྙན་ཐོའི་ནང་དུ་བོད་དོན་འབྲེལ་བའི་སྙན་ཐོ་བཏོན་ཡོད་རེད། འདི་ནི་ང་ཚོ་ཚང་མས་དཀའ་ངལ་བརྒྱབས་པའི་འབྲས་བུ་ལྟ་བུ་རེད། དེར་བརྟེན། ཚང་མས་མུ་མཐུད་ནས་འགན་བཞེས་ནས་དཀའ་ངལ་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་སོང་། དེའི་རྗེས། དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༣་་༢༤ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་སོང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་ ༢༠༢༣་་་༢༤ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།