19
Fri, Apr

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡༥ཉིན། ༸གོང་ས་མཆོག་ལ་བོད་གཞིས་བྱེས་གཞུང་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་ཐེག་ཆེན་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐྱོང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༣ ཚེས་༡༥་ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༧གོང་ས་མཆོག་གིས་ངོས་རང་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་ཡང་བོད་ཀྱི་བསྟན་སྲིད་ཆེད་དུ་མི་ལོ་བཅུ་ཕྲག་ཆ་ཤས་བསྡད་ནས་ཞབས་འདེགས་ཞུ་ཐུབ་ཀྱི་རེད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་པའི་ཐོག བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་ཀྱི་བརྟན་ཞུགས་བསྟར་འབུལ་ཞུས་སོང་། ཐོག་མར། ༧རྒྱལ་བ་རིན་པོ་ཆེ་ཕོ་བྲང་གཟིམ་སྒོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ནས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱས་སྤོས་འཛིན། བོད་ཀྱི་ཟློས་གར་ཚོགས་པས་གཙུག་ལག་ཁང་གི་དབུ་རྩེ་ནས་ཕེབས་བརྡ་རོལ་ཆ་འབུལ་བཞིན་པར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་སོང་།

༸གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་འཁོད་མཚམས་སུ། རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་ཏེ། གུ་རུའི་ཐུགས་དམ་གནད་སྐུལ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་དང་འབྲས་སིལ་རིམ་ཕེབས། ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་བཅས་ཕེབས་ཏེ། སོ་སོའི་མདོག་མཐུན་གྱི་དར་སྣེ་བཞུགས་ཁྲིའི་མདུན་དུ་འཁོད་པ་དང་། ཆོས་སྐྱོང་སྤྱན་འདྲེན་དབུ་འཛུགས་ཀྱིས་བརྟན་བཞུགས་གྱི་ཆོ་ག་རྒྱས་པར་བསྐྱངས་སོང་།

བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ། རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི་མཚམས་སུ་རྡོ་རྗེ་སློབ་དཔོན་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ་བ་དང་། ཚོགས་འཁོར་འབུལ་བཞེས་གནང་། དེ་ནས་གསོལ་འདེབས་མཎྜལ་རྒྱས་པའི་སྐབས་རྡོ་རྗེ་སློབ་དཔོན་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཎྜལ་ལྗགས་བཤད་དང་། དཔལ་ལྡན་སྲིད་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེེགས་ཀྱིས་ཚོམ་བུ་འབུལ་བཞེས་དང་། སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང་། ཚེ་རིལ། ཚེ་མདའ། འབྲང་རྒྱས་ལ། དབང་། དྲག་པོ། ཞི་བ། རྒྱས་པ་བཅས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲས་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་ཕུལ་ཏེ་རྡོ་རྗེ་སློབ་དཔོན་མཆོག་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་སྐུ་ཚབ་བླ་ཆེན་རྣམས་ཀྱིས་མཇལ་ཞུ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཎྜལ་འདེགས་འབུལ་ཞུས་པ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་དང་སྤྱི་འཐུས་ཚོགས་གཞོན་བཅས་ནས་མཇལ་ཁ་ཞུས་པ་དང་ཆབས་ཅིག་འབུལ་དངོས་སྤྱན་བསྟར་ཞུས། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་སོགས་གསུངས་པ་དང་། གཏང་རག་མཎྜལ་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བཀའ་བློན་རྣམ་པ་དང་། རང་དབང་ཅན་གྱི་འགན་འཛིན་རྣམ་པས་མཇལ་ཁ་ཞུས་ཤིང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་གསུང་འདོན་གྱིས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སོང་།

དེ་ནས་༧གོང་ས་མཆོག་གིས་བཀའ་སྩལ་དོན། བོད་ཀྱི་གཟུགས་ཅན་མི་ལྟ་ཅི་སྨོས། གཟུགས་མེད་ཚོས་ཀྱང་ངོས་ལ་འདིར་བརྟན་བཞུགས་བྱེད་པ་དང་། བརྟན་བཞུགས་བྱེད་པ་དེ་ཡང་བོད་ཀྱི་གནས་སྟངས་དཀའ་ངལ་མང་པོ་ཞིག་བརྒྱུད་པའི་དུས་ཚོད་ལ་ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་མེད་པར་བཟུང་སྟེ། རྒྱ་ཧོར་བོད་གསུམ་ལ་བསྐྱར་དུ་ཡག་པོ་དར་ཐུབ་པ་ཞིག་དང་། དེ་སྔ་བོད་ཀྱི་རིག་གཞུང་ལ་འབྲེལ་བ་མེད་པའི་ནུབ་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུའང་དོ་སྣང་གསར་པ་སླེབས་པ་དང་། གལ་ཆེ་བ་སེམས་ཁམས་རིག་པ་དང་འབྲེལ་ནས་ཚན་རིག་པའི་ནང་ནས་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་རེད། དེ་དག་ནི་ངོས་ཀྱིས་བསྟན་པའི་ཞབས་འདེགས་ཕྲན་བུ་ཞིག་གྲུབ་ཡོད་པ་རེད། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་ཤིག་ལ་འདི་ལྟར་བསྡད་ནས་བོད་ཀྱི་ཆོས་དང་རིག་གཞུང་གིས་ཞབས་འདེགས་ཞུ་རྒྱུ་གང་ལ་གང་འཚམ་ངོས་ཀྱིས་བྱེད་ཐུབ་ཀྱི་རེད།

དེ་རིང་འདིར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་པའི་མི་མང་ཚོ་དང་། དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོས་མཚོན་པའི་གཟུགས་མེད་ཀྱི་ལྷ་ཚོས་ཀྱང་རེ་འདུན་ཆེན་པོ་བྱེད་བཞིན་ཡོད་པ་རེད། དེར་བརྟེན། ངོས་ཀྱི་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་རྣམས་ངོས་ལ་ཆོས་དང་རིག་གཞུང་གི་ཐོག་ནས་དད་པ་རྩེ་གཅིག་ཡོད་པས་དེ་དག་གི་རེ་འདུན་སྐོང་ཐུབ་པ་ཞིག་དང་། གང་ལྟར་སྐྱེས་པའི་དགོས་དོན་ནི་གཞན་ལ་ཕན་པ་སྒྲུབ་པ་རེད། དེ་ལྟའི་ངོས་ཀྱི་ལུས་རྟེན་འདིའི་ཐོག་ནས་མི་ལ་ཕན་པ་ཏན་ཏན་བསྒྲུབ་ཐུབ་ཀྱི་འདུག་པས་ཕན་པ་སྒྲུབ་ཐུབ་པའི་ལུས་རྟེན་འདི་རིང་པོར་འཚོ་ཐུབ་པ་ལ་ངོས་རང་གིས་ཀྱང་སྨོན་ལམ་རྒྱག་གི་ཡིན། འཕེན་པ་གཏོང་གི་ཡིན། ཁྱོད་ཚོ་ཚང་མས་ཐུགས་སྨོན་གནང་སྟེ་དེ་རིང་བརྟན་བཞུགས་གནང་བ་དེ་ལྟར་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བསྩལ་སོང་།

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།