24
Wed, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡༠་ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ། གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡི་གོ་སྒྲིག་འོག བོད་མི་བརྒྱ་ཕྲག་འགའ་ཡིས་ཞི་བའི་གོམ་བགྲོད་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་ཀྱི་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཡིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ། བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ནི་རྒྱ་ནག་གི་ཆ་ཤས་མིན། འཛམ་གླིང་མི་མང་བོད་ལ་རྒྱབ་སྐྱོར་བྱེད་རོགས། མཉམ་འབྲེལ་རྒྱལ་ཚོགས་བོད་ལ་རྒྱབ་སྐྱོར་གནང་རོགས་སོགས་ཀྱི་སྐད་འབོད་བརྒྱབས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤ པ་སྲུང་བརྩི་ཞུས་སོང་།

དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཐོག་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་དུ་འཁོད་དོན། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་འཐབ་རྩོད་ནང་བརྗེད་དུ་མི་རུང་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་ཕྱག་གྲངས་མེད་དང་བཅས། ད་བར་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་བོད་མདོ་དབུས་ཁམས་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱང་ངན་གུས་འདུད་ཞུ་རྒྱུ་དང་ཁོང་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་དང་བློས་གཏོང་སོགས་རྗེས་སུ་དྲན་པའི་ཐོག་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།

དེ་ཡང་ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་དམར་གྱིས་བོད་བཟའ་སེམས་ཁོག་བཅངས་ཀྱིས་རིམ་པས་བཙན་འཛུལ་བྱས་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱར་ཉེན་ཁ་དང་བོད་བསྟན་སྲིད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་བར་སོང་། བོད་ཆོལ་གསུམ་སེར་སྐྱ་མང་ཚོགས་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གྱི་དྲག་དཔུང་ལ་འགོག་རྒོལ་དང་རང་ས་རང་སྲུང་གི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་རང་སྲོག་ཚུན་བློས་གཏོང་གིས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བའི་ཉིན་མོ་ཞིག་དང་། རང་རིགས་ཀྱི་དཔའ་བོ་དཔའ་བོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ལ་གུས་བརྩིའི་སྤོབས་པ་སྐྱེ་འོས་པའི་དུས་དྲན་སྲུང་བརྩིའི་གལ་གནད་ཆེ་བའི་ཉིན་མོ་ཞིག་ཀྱང་ཡིན།

དུས་དེ་ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་རྒྱལ་ཁབ་ཆེན་པོ་དེ་བཞིན་བཙན་བཟུང་གིས་དམ་དྲག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་མིའི་ཤེས་རིག་གི་བསྟི་གནས་དགོན་སྡེ་གྲ་ཚང་གྲངས་ལས་འདས་པ་རྩ་གཏོར་དང༌། བསྟན་འཛིན་གྱི་སྐྱེ་ཆེན་དབུས་པའི་བོད་མི་ས་ཡ་གཅིག་ལྷག་དམར་གསོད་དུ་བཏང་ཡོད་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བཙོན་འཇུག་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་ཡོད། ད་དུང་རིན་བྲལ་ལྷ་སྐུ་རྟེན་གསུང་གཙོས་པའི་བོད་ཀྱི་རི་ཆུ་ནག་གསུམ་གྱི་སྣོད་བཅུད་ཁོར་ཡུག་སོགས་རྩ་གཏོར་གཏོང་མུས་ཀྱིས་བོད་ས་འདི་བཞིན་རྒྱ་ཡི་ཁེ་ཕན་མཁོ་སྒྲུབ་ཀྱི་བསྟི་གནས་ཤིག་ལས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་བརྩི་འཇོག་གང་ཡང་མེད་པར་རྩ་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པར་སོང༌། ཆོལ་གསུམ་བོད་མིས་རང་སྲོག་བློས་གཏོང་གིས་ངོ་རྒོལ་སྐད་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་གྲངས་ལས་འདས་པ་ཞིག་སྤེལ་ཡོད་པ་མ་ཟད། ད་བར་བོད་ཕྱི་ནང་གཉིས་ནས་དཔའ་བོ་དཔའ་མོ་༡༦༩ ལྷག་གིས་རང་གི་གཅེས་པའི་ལུས་སྲོག་གི་མཆོད་མེ་སྤར་ཏེ་རྒྱ་གཞུང་གི་བྱས་ཉེས་ཐེར་འདོན་ཡོང་ཐབས་དང་བོད་ཀྱི་བདེན་དོན་སེལ་ཐབས་གནང་ཡོད་ཀྱང་རྒྱ་དམར་གྱིས་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་བྱུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མུ་མཐུད་ལག་བསྟར་བྱེད་མུས་ཀྱིས་བོད་མི་རིགས་ཀྱི་ཤེས་རིག་དར་སྤེལ་དང༌།

རིག་གཞུང་སྲུང་སྐྱོབ་སོགས་ལ་མཛད་རྗེས་ཆེ་བའི་ཤེས་ཡོན་པ་རྩོམ་པ་པོ་དང༌། སྙན་ངག་པ། དགེ་རྒན། བླ་སྤྲུལ་མཁན་དགེ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་གང་བྱུང་འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་ཚ་ནན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནད་ཏོག་དབྱིབས་རིམས་ནད་ཁྱབ་པ་ནས་བཟུང་བོད་ནང་འགྲིམ་འགྲུལ་གྱི་བཀག་སྡོམ་དོ་ནན་བྱས་མེད་པ་དང་། བོད་རིགས་ནད་མནར་རྣམས་ལ་སྨན་བཅོས་དང་ཟུར་འཇོག་སྡོད་གནས་སོགས་ཀྱི་མཐུན་རྐྱེན་མ་སྦྱར་བ། བོད་མི་ནད་རྟགས་ཡོད་མེད་གཉིས་ཀ་ཟུར་འཇོག་ཁང་གཅིག་གི་ནང་བཙན་འཇོག་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང༌། དམིགས་བསལ་རྒྱ་དམར་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་འོག་བོད་ནང་བཅའ་སྡོད་སློབ་གྲྭ་ཕོན་ཆེན་ཆེད་འཛུགས་ཀྱིས་ན་ཆུང་བོད་རིགས་ས་ཡ་གཅིག་ལྷག་བཙན་གྱིས་སློབ་འཇུག་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་ཡང་མི་ཤེས་པ་དང་དེ་དག་གི་ལུས་ཐོག་ཏུ་བོད་དྲི་ཙམ་ཡང་མི་དྲོ་བའི་མི་རབས་ཤིག་བསྐྲུན་ཐབས་ཀྱི་ཆེས་སྡུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། ད་དུང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ད་བར་བོད་མི་ས་ཡ་གཅིག་ལྷག་གི་རིག་རྫས་མཁོ་སྒྲུབ་བྱས་ཡོད་པ་མ་ཟད། ཐ་ན་ཕྲུ་གུ་ཆུང་ཆུང་ལོ་ན་༥ ལས་མ་སོན་པ་རྣམས་ཀྱི་རིག་རྫས་ཀྱང་བཙན་དབང་གིས་མཁོ་སྒྲུབ་བྱེད་མུས་ཀྱིས་བོད་མི་ཚོར་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་དང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང༌། དམིགས་བསལ་རྒྱ་གཞུང་གིས་བོད་མི་ཚོའི་ངོས་ནས་ཆོག་མཆན་མེད་པར་སྒེར་གྱི་གསང་གནས་བསྡུ་ལེན་གྱིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར་དོ་དམ་བཙན་གནོན་བྱས་དང་བྱེད་མུས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་བཞིན་ཡོད་སྟབས་སྤྱི་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་སྔར་ལྷག་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

མཚམས་འདིར་བོད་ནང་གི་ཛ་དྲག་གནས་སྟངས་དང༌། བོད་མིའི་རང་དབང་འཐབ་རྩོད་ཀྱི་མངོན་འདོད་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་ཐབས་དང་རྒྱབ་སྐྱོར་རག་ཐབས་སོགས་ལ་འབད་བརྩོན་སྔར་ལྷག་བྱ་དགོས་རྒྱུ་མ་ཟད། རྒྱ་མི་རིགས་ནང་ཁུལ་ལྷག་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་ཡིད་གཟབ་དང་དོག་ཟོན་གྱི་རྣམ་འགྱུར་སོགས་སྟོན་བཞིན་པའི་ནས་ཀྱང་སོ་སོའི་སྲིད་གཞུང་གི་བྱས་ཉེས་ཐེར་འདོན་དང་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་མི་དགོས་པའི་དགོས་འདུན་འོག་རྔམ་སྟོན་ཁྲོམ་སྐོར་གྱི་ཤོག་དཀར་གསར་རྗེའི་ངོ་རྒོལ་ལས་འགུལ་གཙོས་པའི་སྐད་འབོད་ཀྱི་ལས་འགུལ་གང་མང་ཞིག་སྤེལ་བཞིན་པའི་སྐབས་འདིར་ང་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་གཞིས་ལུས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཁོང་རྣམས་ཀྱི་མངོན་འདོད་སོགས་སྒྲུབ་ཐབས་སུ་ནུས་པ་སྔར་ལྷག་འདོན་རྒྱུར་སླར་ཡང་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།