28
Thu, Mar

༧གོང་ས་མཆོག་གིས་བོད་ཟླ་༡ ཚེས་༡༥ ཆོ་འཕྲུལ་དུས་ཆེན་ཉིན་ལ་དད་ལྡན་མི་མང་སྟོང་ཕྲག་འགའ་ལ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་གནང་མཛད་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་བ་༣ ཚེས་༧་ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་རྒྱ་ནག་གི་བོད་དོན་སྲིད་བྱུས་ལ་འགྱུར་བ་འགྲོ་བའི་བཟོ་ལྟ་ཧ་ཅང་གསལ་པོ་རེད། དེར་བརྟེན། ངོས་ཀྱིས་དུས་ད་ལྟ་བར་དུ། རྗེ་རིན་པོ་ཆེ་ཆོས་རྗེ་བློ་བཟང་གྲགས་པའི་ཕ་ཡུལ་གཅིག་པ་ཡིན་ལ་ཧུར་ཐག་འབད་བརྩོན་བྱས་པ་དེ་ལྟར་ཡིན། རིང་པོར་མི་ཐོགས་པར་རྒྱ་ཧོར་བོད་གསུམ་ལ་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་ཕལ་ཆེར་ཡིད་ཆེས་ཡོད། དེ་ལུགས་ཀྱིས་ཁྱོད་ཚོ་ཚང་མས་མི་ལ་ཆོས་བཤད་ནས་རྒྱུད་དུལ་བ་དགོས་ཞེས་མ་ལབ་སྔོན་དུ་སོ་སོས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་དོན་ལ་ཉམས་ལེན་གྱིས་ག་ཚོད་ཐུབ་ཐུབ་ཀྱིས་མྱོང་བ་བསྐྱེད་ཐུབ་པ་ཞིག་བྱུང་ན་གོ་རིག་ཟུང་འཇུག་གི་ཐོག་ནས་མི་ལ་ཆོས་བཤད་ཐུབ་པ་ཞིག་རེད། ཅེས་བཀའ་བསྩལ་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཟླ་༡ ཚེས་༡༥ ཆོ་འཕྲུལ་དུས་ཆེན་ཉིན་ལ་དད་ལྡན་མི་མང་སྟོང་ཕྲག་འགའ་ལ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་གནང་མཛད་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་དང་། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཞལ་འདོན་རིམ་པར་བསྐྱངས་རྗེས། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲི་རིན་པོ་ཆེ་སོགས་ཀྱིས་མཇལ་ཁ་ཞུས་རྗེས།

༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ལྷ་སར་སྨོན་ལམ་ཆེན་མོ་འཚོགས་པའི་ཕྱག་སྲོལ་དར་ནས་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པ་རེད། བོད་ལ་ནམ་རྒྱུན་ལྟར་སྨོན་ལམ་ཆེན་མོ་འཚོག་རྒྱུར་གནས་སྐབས་དཀའ་ངལ་འཕྲད་ཡོད། ཡིན་ནའང་། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་བོད་རྒྱ་ཆེའི་མི་མང་གི་བསྟན་པ་དང་འགྲོ་བའི་དོན་དུ་ལྷག་བསམ་སྙིང་སྟོབས་ཡོད་པ་དེ་མུ་མཐུད་དུ་འཁྱེར་ནས། བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། སྔོན་གྱི་སྐྱེས་བུ་དམ་པ་ཚོའི་ཕྱག་བཞེས་ཇི་ལྟར་ཡོད་པ་མུ་མཐུད་ནས་རྒྱུན་བཟུང་བ་དེ་ལྟར་རེད། ཅེས་དང་།

ཁོང་གིས་སྐུ་རྩེད་དང་སྦྲགས་མུ་མཐུད་ནས་བཀའ་སློབ་སྩལ་དོན། དེ་རིང་འདིར་ནམ་རྒྱུན་སྨོན་ལམ་ལ་སྐྱེས་རབས་ཀྱི་གསུང་ཆོས་གནང་སྲོལ་ཞིག་ཡོད་པ་རེད། དེ་རིང་འདིར་སྐྱེས་རབས་ཞུ་རྒྱུ་བྱེད། ངོས་ཀྱིས་སྦོར་ཤོབ་ལྟ་བུ་བཤད་ཀྱི་ཡོད། སྐུ་གོང་མ་ལ་ཐུབ་བསྟན་རྒྱ་མཚོ་ཞེས་ཞུ་གི་ཡོད། བསྟན་པའི་མིང་མ་གཏོགས་གཞན་མེད། ངོས་ཀྱི་མིང་ནི་བསྟན་འཛིན་རྒྱ་མཚོ་ཞེས་བསྟན་པ་འཛིན་མཁན་གྱི་མིང་རེད། སྐུ་མདུན་སྐུ་གོང་མ་དྭགས་པོ་ནས་ཕེབས་པ་ལ་ཐུབ་བསྟན་རྒྱ་མཚོ་ཞེས་ཟེར་བ་དང་། ངོས་རང་ཟི་ལིང་ནས་ཡོང་བ་འདི་བསྟན་པ་འཛིན་མཁན་ཆགས་པ་དེ་ལ་བསྟན་འཛིན་རྒྱ་མཚོ་ཞེས་ལབ་ཀྱི་ཡོད་པ་རེད། ཅེས་བཞད་མོ་དང་སྦྲགས་བཀའ་ཕེབས་པ་དང་། ངོས་ཀྱི་མཆོད་བཤམས་ཀྱི་ནང་དུ་རྗེ་རིན་པོ་ཆེའི་སྐུ་བརྙན་ཡོད་པ་རེད། མཆོད་མཇལ་ཞུ་དུས་རྗེ་རིན་པོ་ཆེ་མཇལ་སྐབས་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་ཞེས་རྒྱུན་དུ་དྲན་གྱི་འདུག རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་ཐག་ཉེ་བོ་རེད། རྗེ་རིན་པོ་ཆེ་དུས་ཚོད་དེ་ལྟ་བུ་ཞིག་ལ་བོད་ལ་ཕེབས་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་དངོས་གནས་དྲང་གནས་དག་ཐེར་གནང་དགོས་སར་གནང་སྟེ། སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ཧ་ཅང་སྤུས་དག་པོ་ཞིག་བཙུགས་པ་རེད། དེར་བརྟེན། ངོས་རང་གི་ངོས་ནས་རྗེ་རིན་པོ་ཆེས་མཛད་པ་ཇི་ལྟར་བསྐྱངས་པ་རྣམས་ཀྱི་རྗེས་མཐུད་ཐུབ་པ་ཞིག་ལ་རྟག་ཏུ་སྨོན་ལམ་རྒྱག་གི་ཡོད། རྗེ་རིན་པོ་ཆེ་ཨ་མདོ་རེད། ངོས་རང་ཡང་ཨ་མདོ་རྗེ་རིན་པོ་ཆེའི་ཞབས་འདྲེན་མ་ཞུས་མཁན་ཞིག་ཡིན། ཞེས་དང་།

མ་གཞི་སྔོན་མ་ངོས་ཀྱིས་ཞུས་ཡོད། དེ་སྔ་ཟི་ལིང་མཱ་ཀྲུའུ་ཞིས་ངོས་ཀྱི་གདོང་ལ་བལྟ་སྐབས་ངོས་རང་ཞེད་སྣང་མེད་པར་རྫིག་པོ་བསྡད་པས་ཟི་ལིང་མཱ་ཀྲུའུ་ཞིས་ཏཱ་ལའི་བླ་མའི་ཡང་སྲིད་བོད་གཞུང་གིས་ད་དུང་གསལ་བསྒྲགས་བྱས་མེད་ཀྱང་། ངས་འདི་ལྟར་བལྟས་ན་ཏཱ་ལའི་བླ་མའི་ཡང་སྲིད་ཕྲུ་གུ་འདི་མ་གཏོགས་འགྲོ་ས་ཡོད་པ་མ་རེད་ཅེས་ཟི་ལིང་མཱ་ཀྲུའུ་ཞིས་ངོས་ལ་ཆ་འཇོག་བྱས་པ་རེད། དེ་དུས་ངོས་རང་ལོ་གཉིས་གསུམ་བཞི་ཙམ་རེད། འདི་ལྟར་ངོས་རང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་འདི་འདྲ་ཞིག་ལ་ངོས་ཀྱིས་སྤྱི་སྒེར་གྱི་བསྟན་པའི་ཞབས་འདེགས་ལྷག་བསམ་རྣམ་དག་གིས་སྒྲུབ་པ་ཡིན་ལ་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོན་ཡོད་པ་ཞིག་རེད། ངོས་ཀྱིས་རྒྱུན་དུ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་གནས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་སྨོན་ལམ་འདི་རྒྱག་གི་ཡོད། སྔར་སངས་རྒྱས་ཀྱི་བསྟན་པ་མ་དར་སའི་ནུབ་ཕྱོགས་ལུང་པ་ཚོའི་ནང་དུ་དོ་སྣང་གསར་པ་བྱས་ཏེ་ཧ་ཅང་ཡག་པོ་རེད། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་ལ་ཚན་རིག་པའི་ནང་དུའང་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་རེད། ཧ་ཅང་ཡག་པོ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་རྒྱ་ཧོར་བོད་གསུམ་ནི་སྔར་སངས་རྒྱས་ཀྱི་བསྟན་པ་དར་ནས། བར་སྐབས་དར་རྒུད་སྣ་ཚོགས་བྱུང་བ་མ་གཏོགས་གཞན་ཡོངས་སུ་རྫོགས་པའི་བསྟན་པ་ཆེས་ཆེར་དར་བ་རེད། འཛམ་གླིང་གི་འགྱུར་འགྲོས་ལ་བལྟས་ཡོང་སྐབས་རྒྱ་ཧོར་བོད་གསུམ་དུ་དེ་སྔ་སངས་རྒྱས་ཀྱི་བསྟན་པ་ཁྱབ་ཅིང་། བར་སྐབས་ཉམས་པ་དེ་སླར་གསོ་ཐུབ་པ་ཞིག་ལ་ངོས་ཀྱིས་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་པའི་ཕྱི་དང་ནང་གི་རྟགས་མཚན་མང་པོ་ཞིག་ཐོན་ཡོང་གི་འདུག དེར་བརྟེན། ངོས་ཀྱི་ངོས་ནས་སེམས་ཤུགས་བསྐྱེད་དེ་སྔར་བསྟན་པ་དར་བ་དང་། བར་སྐབས་བསྟན་པ་ཉམས་པ་དེ་དག་དངོས་གནས་ཉམས་པ་སོར་ཆུད་ནས་༸རྒྱལ་དབང་གི་མིང་ཐོགས་པ་ནང་བཞིན་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་ཞིག་སྒྲུབ་བསམ་པའི་སེམས་བསྐྱེད་ཀྱི་ཡོད། ཁྱོད་ཚོ་ཚང་མས་ཐུགས་སྨོན་གནང་ཤོག

ཆོས་ཉམས་ལེན་བྱེད་པ་ནི་མི་གཅིག་གིས་ཁ་ནས་བཤད་པ་ཙམ་མ་རེད། ང་ཚོ་ཚང་མས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོ་སོས་བྱས་ཏེ། དེ་ལྟ་བུའི་ལུང་རྟོགས་ཀྱི་ཉམས་མྱོང་ཡོད་པའི་མི་གཅིག་བྱུང་ན་བསྟན་པ་ལ་ཕན་པ་དང་། བརྒྱ་བྱུང་ན་དེའི་ཚོད་ཀྱིས་བསྟན་པ་ལ་ཕན་ལ། སྟོང་བྱུང་ན་དེ་བཞིན་དུ་ཕན་གྱི་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ཆོས་རྒྱལ་ཚོའི་བཀའ་དྲིན་ལ་བརྟེན་ནས་གཞན་ལ་སྨོན་མི་དགོས་པའི་ནཱ་ལེནྡྲའི་བསྟན་པ་བྱུང་ཡོད་པ་རེད། འདི་སླར་སོར་ཆུད་པ་ཞིག་དང་། རྒྱ་ནག་དུ་ནང་པའི་བསྟན་པ་དར་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་སྔ་མོ་མང་པོ་བྱུང་བ་རེད་ལ། ད་ལྟ་ཡིན་ནའང་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟ་བུ་འདུག དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་གནས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར་ངོས་ཀྱིས་སྙིང་སྟོབས་བསྐྱེད་དེ་རྒྱ་ཧོར་བོད་གསུམ་གྱི་ཡུལ་དུ་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་ཚིག་སྐམ་པོ་ཙམ་བཤད་ནས་སྡོད་པ་མ་ཡིན་པར། ངོ་ཐོག་རྒྱུད་ཐོག་ལ་སྦྱར་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཚད་ལྡན་ཡོང་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གི་ཡོད་ལ། འབད་བརྩོན་ཡང་ཞུ་བཞིན་ཡོད། དེ་རིང་འདིར་འཛོམས་པའི་ཆོས་གྲོགས་ཚོས་འདི་དགོངས་པར་འཇགས་རོགས། སྔོན་ལ་སོ་སོ་རང་ཉིད་ལའང་བསླབ་པ་གསུམ་གྱི་ཉམས་ལེན་ཁ་ཡོད་ལག་ཡོད་ཅིག་བྱེད་རྒྱུ་ཡོད་པ་དང་། སོ་སོའི་བྱེད་སྟངས་ཀྱི་མིག་ལྟོས་རོགས་པ་གཅིག བཅུ། བརྒྱ། སྟོང་ལ་རིམ་པས་ཐོན་ཐུབ་པ་ཞིག་ལ་ཚང་མས་ཧུར་ཐག་གནང་ཤོག

བརྟག་དཔྱད་རིམ་པར་བྱེད་ཡོང་དུས་གང་ལྟར་རྒྱ་ནག་ཏུ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་ལ། རྒྱ་ནག་གི་བོད་དོན་སྲིད་བྱུས་ལ་འགྱུར་བ་འགྲོ་བའི་བཟོ་ལྟ་ཧ་ཅང་གསལ་པོ་རེད། དེར་བརྟེན། ངོས་ཀྱིས་དུས་ད་ལྟ་བར་དུ། རྗེ་རིན་པོ་ཆེ་ཆོས་རྗེ་བློ་བཟང་གྲགས་པའི་ཕ་ཡུལ་གཅིག་པ་ཡིན་ལ་ཧུར་ཐག་འབད་བརྩོན་བྱས་པ་དེ་ལྟར་ཡིན། རིང་པོར་མི་ཐོགས་པར་རྒྱ་ཧོར་བོད་གསུམ་ལ་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་ཕལ་ཆེར་ཡིད་ཆེས་ཡོད། དེ་ལུགས་ཀྱིས་ཁྱོད་ཚོ་ཚང་མས་མི་ལ་ཆོས་བཤད་ནས་རྒྱུད་དུལ་བ་དགོས་ཞེས་མ་ལབ་སྔོན་དུ་སོ་སོས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་དོན་ལ་ཉམས་ལེན་གྱིས་ག་ཚོད་ཐུབ་ཐུབ་ཀྱིས་མྱོང་བ་བསྐྱེད་ཐུབ་པ་ཞིག་བྱུང་ན་གོ་རིག་ཟུང་འཇུག་གི་ཐོག་ནས་མི་ལ་ཆོས་བཤད་ཐུབ་པ་ཞིག་རེད།

ང་ཚོ་བཙན་བྱོལ་བའི་ནང་ནས་བཙན་བྱོལ་བ་གྲ་འགྲིག་ཤོས་ཤིག་ཆགས་ཡོད། བཙན་བྱོལ་བ་ཙམ་མ་ཡིན་པར་ལུང་པར་བྲལ་ཡོད་ཀྱང་སོ་སོའི་ཆོས་དང་རིག་གཞུང་ལ་མིས་སྨོན་དགོས་པའི་བདག་པོ་བརྒྱབ་ཡོད་པ་དེ་ལྟར་རེད། ཚང་མས་ཧུར་ཐག་གནང་ཤོག ཅེས་བཀའ་སློབ་སྩལ་རྗེས་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གསུང་འདོན་དང་འབྲེལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།

ཡོངས་ཁུངས། དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།