07
Thu, Dec

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡་ཉིན་སྤེལ། རྒྱ་གར་ལྷོ་ཕྱོགས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འགོ་འཛུགས་གནང་ཡོད་པ་དང་། འདི་ལོར་སློབ་མ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ཆོས་དང་ཚན་རིག ༧གོང་ས་མཆོག་གི་མཛད་པ་བཞི། བོད་རང་བཙན་སྐོར་སོགས་ཀྱི་བརྗོད་གཞི་ཉི་ཤུ་ཡི་སྟེང་ནས་གཏམ་བཤད་གནང་རྒྱུ་ཡིན་འདུག ཚོགས་ཆེན་འདིར་དགོན་སྡེ་དང་མཐོ་སློབ་ཁག་མི་འདྲ་བ་ལྔ་བཅུ་ང་བརྒྱད་ཀྱི་སློབ་མ་ཁྱོན་བསྡོམས་གྲངས་བརྒྱ་དང་བརྒྱད་ཅུ་མ་ཟིན་ཙམ་མཉམ་ཞུགས་ཡོད་སྐོར་བརྗོད་འདུག

དེ་ཡང་། ཕྱི་ལོ་༢༠༢༣་ཟླ་༢་ཚེས་༢༨ཉིན། རྒྱ་གར་ལྷོ་ཕྱོགས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འགོ་འཛུགས་གནང་བའི་མཛད་སྒོ་ཞིག་ཚོགས་ཡོད་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྷེང་ལོར་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་ཆེན་མོ་འབུམ་རམས་པ་ཇཱ་ཡ་ཀཱ་རཱ་མཆོག་དང་རིག་བདག་གཞོན་པ་མཱ་ཧི་ཤེ་བྷ་བྷེས་མཆོག ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་མཆོག ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དབུ་འཛིན་མཆོག་དང་སློབ་སྤྱི་མཆོག མཐོ་སློབ་ལྔ་བཅུ་ང་བརྒྱད་ཀྱི་སློབ་མ་བརྒྱ་དང་བརྒྱད་ཅུ་ཙམ་སོགས་མཉམ་ཞུགས་གནང་ཡོད་འདུག

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་དྲུག་པར་བརྗོད་གཞི་ཉི་ཤུ་ཡི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་དང་དེ་དག་ནི། ༡༽ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་ཆབ་སྲིད་བསྐྱངས་ནས་ལུགས་གཉིས་ཕྱི་ནང་གི་ཐུགས་འགན་བཞེད་སྟངས་གླེང་བ། ༢༽ བོད་ཀྱི་གསོ་བ་རིག་པའི་ཕན་ནུས་དང་རྒྱལ་སྤྱིའི་ཐོག་ངོས་འཛིན་ཇི་ལྟར་ཐོབ་ཡོད་མེད་སྐོར་གླེང་བ། ༣༽ ནང་པའི་གཞུང་ལུགས་ནས་བཤད་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་དབར་གྱི་དབར་གྱི་ཁྱད་པར་ཇི་ཡོད་བཤད་པ། ༤༽ ད་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱིས་གོ་ལ་སྤྱི་ཁྱབ་ཀྱི་འགན་འཁྲི་ལ་ནུས་པ་ཇི་ལྟར་འཐོན་ཡོད་པའི་བྱུང་བ་དང་དཔེར་མཚོན་ཚད་ལྡན་གླེང་བ། ༥༽ བོད་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་བྱུང་རིམ་དང་ངོ་བོ་དགེ་མཚན་སྐྱོན་ཆ་མ་འདང་བའི་ཆ་སོགས་གླེང་བ། ༦༽ སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་ཐབས་བཤད་པ། ༧༽ ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་རྒྱལ་ཞེན་དང་མི་རིགས་ཀྱི་བསམ་བློ་དེ་གལ་ཆེ་ཆུང་ཇི་ལྟར་ཡིན་ཚུལ་གླེང་བ། ༨༽ ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་བྱེད་པ། ༩༽ ༧གོང་ས་མཆོག་གིས་ནང་པའི་ཆོས་ལུགས་ལ་ཆོས་ཀྱི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན་ཚན་རིག་གི་སྡེ་ཚན་གསུམ་དུ་དབྱེ་བའི་དམིགས་ཡུལ་དང་དགོས་པ་བཤད་པ། ༡༠༽ བོད་ཀྱི་མི་རབས་གསར་བ་རྣམས་ལ་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ཇི་ལྟར་བསྐྲུན་ཐབས་བཤད་པ།

༡༡༽ ྋགོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་བའི་རིག་གཞུང་བསྐྱར་གསོ་བྱེད་པའི་བཀའ་དགོངས་བོད་པའི་ངོས་ནས་ཇི་ཙམ་བསྒྲུབ་ཐུབ་ཀྱི་ཡོད་མེད་གལ་ཆེ་རང་བཞིན་དང་དཔེར་མཚོན་ཚད་ལྡན་གླེང་བ། ༡༢༽ ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱིས་ནུས་པས་ཆོས་ལུགས་གཞན་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ་བྱུང་ཡོད་ཚུལ་བཤད་པ། ༡༣༽ བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་ཀྱི་ཁྱད་པར་བཤད་པ། ༡༤༽ མཐོ་རིམ་སློབ་མ་ཞིག་གི་ངོས་ནས་མི་རིགས་དང་རྒྱལ་ཁབ་ལ་འགན་ཁུར་དང་ནུས་པ་ཅི་ཞིག་ཡོད་མེད་སྐོར་གླེང་བ། ༡༥༽ བོད་ཀྱི་སྐད་དང་རིག་གཞུང་ལ་གཞོན་སྐྱེས་རྣམས་དགའ་ཞེན་ཡོང་ཐབས་མཐོ་རིམ་སློབ་མ་རྣམས་ཀྱི་འགན་ཁུར་ཅི་ཞིག་ཡོད་མེད་སྐོར། ༡༦༽ བོད་ཀྱི་འདས་སོང་གི་ལོ་རྒྱུས་གླེང་དགོས་པའི་ཕན་འབྲས་གླེང་བ། ༡༧༽ བོད་ནང་གི་ཤེས་ཡོན་དང་འབྲེལ་བའི་གནས་ཚུལ་བཙན་བྱོལ་དུ་སྤེལ་ཐབས་སྐོར་བཤད་པ། ༡༨༽ རིག་གནས་ནང་འདྲེན་གྱི་གལ་ཆེའི་སྐོར་གླེང་བ། ༡༩༽ བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར་གླེང་བ། ༢༠༽ ནུབ་ཕྱོགས་པའི་ཤེས་ཡོན་གསོ་དང་བོད་ཀྱི་ཤེས་ཡོན་སློབ་གསོ་བར་གྱི་ཁྱད་པར་གླེང་བ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།