19
Fri, Apr

ཕྱི་ལོ་༢༠༢༣་ཟླ་༢་ཚེས་༣ཉིན། རྡ་སར་བོད་མི་ཚོས་རྒྱ་གཞུང་དང་རིགས་རྫས་ལེན་བྱད་ཚོང་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༢་ཚེས་༣་ཉིན། རྡ་སའི་མོག་གྷན་སྤྱི་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཆོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས་རྒྱ་གཞུང་གིས་བོད་མི་ས་ཡ་གཅིག་ལྷག་གི་རིགས་རྫས་(DNA)་རྐུ་འཁྱེར་ལ་བྱས་པར་ངོ་རྒོལ་དང་། ཨ་རིར་རྟེན་གཞི་བྱས་ཡོད་པའི་རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་ཚོང་མཁན་(Thermo Fisher)་ནས་རྒྱ་གཞུང་ལ་ཡོ་བྱེད་དེ་དག་འཚོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠་དང་ཕྱེད་ཀའི་ཐོག བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་རྒྱ་གར་སྡེ་ཚན་བཅས་ཐུན་མོང་ནས་རྒྱལ་སྤྱིའི་ཚོགས་པ་༡༢༠ ལྷག་དང་མཉམ་འབྲེལ་གྱིས་བདུན་ཕྲག་གཅིག་གི་རིང་རྒྱ་གཞུང་ནས་བོད་མི་ས་ཡ་གཅིག་ལྷག་གི་རིགས་རྫས་(DNA)་རྐུ་འཁྱེར་ལ་བྱས་པར་ངོ་རྒོལ་དང་། ཨ་རིར་རྟེན་གཞི་བྱས་ཡོད་པའི་རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་ཚོང་མཁན་(Thermo Fisher)་གྱིས་རྒྱ་གཞུང་ལ་ཡོ་བྱེད་དེ་དག་འཚོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་སོང་།

སྤྱི་ལས་འགུལ་འདི་ཕྱི་ལོ་༢༠༢༣ ཟླ་ ༡ ཚེས་ ༣༠ ནས་ཟླ་༢ པའི་ཚེས་༥ བར་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་༡༢༠་ལྷག་གིས་རྒྱ་གཞུང་གི་གཞུང་ཚབ་ཁང་དང་ རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་ཚོང་མཁན་(Thermo Fisher Scientific)་གྱི་ལས་ཁུངས་མདུན་དུ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་འདུག

དེ་ཡང་། ལས་འགུལ་འདིའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱི་བརྗོད་དོན། རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མུས་ཐོག་བཙན་དབང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་བྱ་རྒྱུ་ཡིན།

གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱི་བརྗོད་དོན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ད་བར་བོད་མི་ས་ཡ་གཅིག་ལྷག་གི་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་མ་ཟད། ཐ་ན་ཕྲུ་གུ་ཆུང་ཆུང་ལོ་ན་༥ ལས་མ་སོན་པ་རྣམས་ཀྱི་རིགས་རྫས་ཀྱང་བཙན་དབང་གིས་མཁོ་སྒྲུབ་བྱེད་མུས་ཀྱིས་བོད་མི་ཚོར་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་དང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང༌། དམིགས་བསལ་རྒྱ་གཞུང་གིས་བོད་མི་ཚོའི་ངོས་ནས་ཆོག་མཆན་མེད་པར་སྒེར་གྱི་གསང་གནས་བསྡུ་ལེན་གྱིས་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར་དོ་དམ་བཙན་གནོན་བྱས་དང་བྱེད་མུས་ཡིན།

དེ་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་བརྗོད་དོན། ཨ་རིའི་ (Thermo Fisher) ཚན་རྩལ་ཁང་ནས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཁོ་ཚོང་བྱེད་མུས་ཡིན་པས་དེ་ཡང་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཟོ་ཚོང་ཁང་འདིས་ཚོང་ལས་ཚུལ་བཞིན་གཉེར་གྱིན་ཡོད་རུང་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཐུན་འགྱུར་སྦྱར་བར་བརྟེན། བོད་གཙོས་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དམ་དྲག་སྔར་ལྷག་ཇེ་ཆེ་དང་། ལྟ་སྲུང་གི་ནུས་པ་སྔར་ལྷག་རྒྱ་སྐྱེད་གཏོང་བཞིན་ཡོད། ཨ་རིའི་ཚན་རྩལ་ཁང་འདིའི་འགན་འཛིན་གཙོ་བོ་ (Mr Marc Casper) ལ་ཞུ་གཏུགས་དང་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡང་ད་བར་ཡ་ལན་གང་ཡང་བྱས་མེད་པར་སོང༌། བོད་དང་བོད་མིས་གཙོས་པའི་མཐུན་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཚོང་ལས་ཁང་གི་ད་ལྟའི་བྱས་ཉེས་དེ་བཞིན་ཐེར་འདོན་བྱེད་ངེས་ཡིན།

དེའི་རྗེས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན། བོད་མི་གཙོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐོར་བ་ཚོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་དབུས་པའི་རྒྱལ་ སྤྱིའི་ཚོགས་པ་ཁག་གི་དགོས་འདུན་ལ་རྒྱབ་སྐྱོར་གྱིས་ཨ་རིའི་གཞུང་ནས་ (Thermo Fisher) ཚོང་ལས་ཁང་གི་ལས་དོན་བྱེད་ཕྱོགས་ལ་རྟོག་ཞིབ་ནན་པོ་བྱ་རྒྱུར་འབོད་སྐལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།