19
Fri, Apr

ཕྱི་ལོ་༢༠༢༢ཟླ་༡༢ཚེས་༢༩ཉིན། གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་སེམས་བསྐྱེད་དང་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་འདུག པར། བསྟན་འཛིན་དབྱངས་འཛོམས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༩ ཉིན། གནས་མཆོག་རྡོ་རྗེ་གདན་དུ། ༸གོང་ས་མཆོག་གིས་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕེབས་པའི་དད་ལྡན་མང་ཚོགས་རྣམས་ལ་སེམས་བསྐྱེད་དང་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་འདུག སྐབས་དེར་༧གོང་ས་མཆོག་གིས་སེམས་རྒྱུད་འདུལ་དགོས་པ་ཆོས་ཀྱི་སྙིང་པོ་རེད། བྱང་ཆུབ་ཀྱི་སེམས་ནི་དངོས་གནས་སེམས་ཀྱི་གཏིང་ནས་རང་གཙོ་བོར་མི་བྱེད་པར་གཞན་གཅེས་པར་འཛིན་པ་དང་། རང་ནི་གཅིག་དང་གཞན་ནི་མཐའ་ཡས་པ་རེད། དེར་བརྟེན། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་སེམས་བཟང་པོ་བསྐྱེད་པ་ཡིན་ན་རང་དོན་ཞོར་ལ་འགྲུབ་པ་ཞིག་རེད། ཅེས་བཀའ་བསྩལ་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་པའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། རྒྱལ་ཕྱི་ནང་ཀུན་ནས་ཕེབས་པའི་དད་ལྡན་མི་མང་ཁྲི་བདུན་ལྷག་ལ་སེམས་བསྐྱེད་དང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་འདུག

ཐོག་མར་༧གོང་ས་མཆོག་གིས་གསུང་དོན། དེ་རིང་གནས་ཁྱད་པར་ཅན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་དང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པས་ཞབས་ཀྱིས་བཅགས་པ་དང་། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེན་པོ་གནང་ཡོད་པའི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད། འཛམ་བུ་གླིང་ཡོངས་གྲགས་ལའང་གནས་མཆོག་རྡོ་རྗེ་གདན་ཟེར་དུས་ནང་པའི་གནས་ཐུན་མོང་མ་ཡིན་པ་ཞིག་ལ་ཚང་མས་བརྩི་བཞིན་ཡོད། གནས་ཁྱད་པར་ཅན་འདིར་ངོས་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་རྒྱུའི་ཆོས་འབྲེལ་བྱ་རྒྱུའི་འཆར་གཞི་དེ་ལྟར་ཡིན། ནང་པ་སངས་རྒྱས་པའི་གནས་ཀྱི་སྙིང་པོ་ནི་རྡོ་རྗེ་གདན་ལ་བརྩི་བཞིན་ཡོད་པ་རེད། ཆོས་ཀྱི་སྙིང་པོ་ནི་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་རྣམ་གྲངས་རྒྱ་ཆེན་པོ་ཡོད་ཀྱང་། སེམས་རྒྱུད་འདུལ་དགོས་པ་ཆོས་ཀྱི་སྙིང་པོ་རེད། བྱང་ཆུབ་ཀྱི་སེམས་ནི་དངོས་གནས་སེམས་ཀྱི་གཏིང་ནས་རང་གཙོ་བོར་མི་བྱེད་པར་གཞན་གཅེས་པར་འཛིན་པ་དང་། རང་ནི་གཅིག་དང་གཞན་ནི་མཐའ་ཡས་པ་རེད། དེར་བརྟེན། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་སེམས་བཟང་པོ་བསྐྱེད་པ་ཡིན་ན་རང་དོན་ཞོར་ལ་འགྲུབ་པ་ཞིག་རེད།

ངོས་རང་ལ་མཚོན་ནའང་། ཉིན་རེ་བཞིན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པར་ཉིན་ལྟར་བསམ་བློ་གཏོང་གི་ཡོད། སེམས་བསྐྱེད་བསམ་བློ་ཡག་པོ་བཏང་བ་ཡིན་ན་སེམས་མ་སྐྱིད་པར་བཟོ་མཁན་ནི་ཞེ་སྡང་དང་། ང་རྒྱལ། དེ་བཞིན་གཞན་སྡེ་ཁྱད་དུ་གསོད་པ་བཅས་ཡིན། སེམས་བསྐྱེད་ཀྱིས་གཞན་དོན་ལ་གཙོ་བོར་བསམ་བློ་བཏང་ནས་བློ་ག་ལེར་གོམས་ཡོང་དུས་རང་ཡལ་བར་དོར་བ་དང་། གཞན་གཅེས་པར་འཛིན་པའི་བློ་སྦྱང་བ་རེད། དེ་སྦྱངས་པ་ཡིན་ན་མི་ཚེ་འདི་རང་ལ་མཚོན་ནའང་ཉིན་རེ་བཞིན་སེམས་ལ་ཞི་བདེ་ཡོང་བ་དང་། རང་ལ་སྐྱོན་བརྗོད་བྱེད་མཁན་བྱུང་བ་ཡིན་ནའང་། དེ་དག་ལ་ལྷག་པར་དུ་བྱམས་བརྩེའི་བློ་སྐྱེས་པ་ཞིག་རེད། སྤྱོད་འཇུག་ལས་གསུངས་པ་ལྟར། གཞན་དང་མི་འདྲ་བ་ཞིག་རེད། བྱང་ཆུབ་ཀྱི་སེམས་དང་བདག་གཞན་མཉམ་བརྗེ་ལ་བསམ་བློ་གཏོང་དུས་རྣམ་དཔྱོད་ཡོད་ན་གཞན་དོན་དོན་གཉེར་གྱི་བློ་སྦྱོང་དགོས་པ་ཞིག་རེད།

ངོས་ཀྱིས་སྔ་མོ་སྤྱོད་འཇུག་གི་བཤད་ལུང་ཞུས་པ་ནས་ཉིན་རེ་བཞིན་བསམ་བློ་བཏང་བ་ཡིན། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར།། ཞེས་གསུངས་པ་ལྟར་རེད། གནས་ཁྱད་པར་ཅན་འདི་ལ་བྱང་ཆུབ་ཀྱི་སེམས་ཡག་པོ་གསལ་བཏབ། ཆོས་ཚིག་བྱས་ཏེ་རྒྱ་ཆེན་པོར་བསམ་བློ་གཏོང་ཐུབ་ན་རེད། མ་ཐུབ་ནའང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། དེ་དག་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་པས་ལུས་འཚོ་བའི་ཆེད་དུ་ལྟོ་ཆས་ཟ་བ་སོགས་ཚང་མས་བྱེད་བཞིན་ཡོད། བྱེད་སྟངས་གཅིག་མཚུངས་ལ་དགོས་དོན་དུ་རང་གཅིག་པུའི་གྲོད་ཁོག་འགྲེངས་པ་ཞིག་དང་། ཡིད་ཚིམས་པ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དག་ངས་སྒྲུབ་བསམ་པའི་གཞན་དོན་དོན་གཉེར་གྱི་བློ་གཏན་འཁེལ་བ་དང་བཅས་ལུས་འདི་འཚོ་བའི་ཆེད་དུ་བཟའ་བཏུང་ལོངས་སུ་སྤྱད་ན་ཡག་པོ་འདུག

དེར་བརྟེན། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ངོས་རང་ལ་མཚོན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གཙོ་བོ་བྱེད་བཞིན་ཡོད། དེ་དང་འབྲེལ་ནས་སྟོད་ཉིད་ཀྱི་ལྟ་བ་རྟག་ཏུ་སྒོམ་བཞིན་ཡོད། དེ་སེམས་ལ་ཧ་ཅང་ཕན་གྱི་འདུག སེམས་ལ་ཞི་བདེ་དང་། སེམས་དཀྲུགས་མཁན་གྱི་རྐྱེན་དང་འཕྲད་སྐབས་ལྷག་པར་དུ་བརྩེ་བའི་བློ་མ་གཏོགས་སེམས་དཀྲུག་མཁན་ལ་ཁོང་ཁྲོ་ལངས་པ་དང་། དེ་དག་ལ་དམིགས་ནས་སྡུག་པོ་བྱུང་ན་བསམ་པ་རྩ་བ་ཉིད་ནས་ཡོང་གི་མི་འདུག ཅི་ཙམ་གྱིས་སེམས་དཀྲུགས་མཁན་བྱུང་ན་དེ་ཙམ་གྱིས་དེ་དག་གི་ཆེད་དུ་གཞན་དོན་སྒྲུབ་བསམ་པའི་སེམས་ཤུགས་སྐྱེད་ཡོང་བ་ཞིག་འདུག བྱང་ཆུབ་སེམས་ཀྱི་ཉམས་ལེན་ཡོད་པ་ཡིན་ན་རྐྱེན་ངན་གྲོགས་ལ་ཤར་བ་ཞིག་ཏན་ཏན་ཡོང་གི་འདུག གནས་ཁྱད་པར་ཅན་འདི་ལ་དེ་རིང་ཚང་མས་བསམ་པ་སེམས་བསྐྱེད་ལ་གསལ་ཡག་པོ་ཞིག་ཐོབས། སོ་སོའི་མི་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་དང་། བསྐལ་བ་ནས་བསྐལ་བའི་བར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་དོན་འབའ་ཞིག་སྒྲུབ་བསམ་པ་སྙིང་ཁུངས་རུས་པའི་གཏིང་ནས་དམ་ཚིག་བརྟན་པོ་དང་། ཉིན་རེར་ལུས་ངག་ཡིད་གསུམ་གྱིས་སེམས་བསྐྱེད་བཟུང་ཡོང་དུས་དགེ་བ་རླབས་ཆེན་འཕར་འགྲོ་གི་ཡོད། ཚང་མས་འདི་ལྟར་དགོངས་པ་བཞེས། ཞེས་དང་།

ཉིན་ཤས་གོང་༧གོང་ས་མཆོག་རྡོ་རྗེ་གདན་གྱི་ཐའེ་ཡི་ཝ་ཌ་པ་དགོན་པར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་སྐབས་དག་སྣང་བྱུང་བའི་སྐོར་ལ་བཀའ་སློབ་སྩལ་དོན། ཁས་ཉིན་ནང་པའི་ལྷ་ཁང་ཞིག་ཏུ་མདུན་ངོས་ཀྱི་རྩིག་པར་སྟོན་པ་བཅོམ་ལྡན་འདས་ཀྱི་འདྲ་རིས་ཡོད་པ་ལ་བསམ་བློ་གཏོང་དུས་སྣང་བ་ལྟ་བུ་འཁྲུལ་ནས། བཅོམ་ལྡན་འདས་ཀྱིས་ངའི་མགོ་ལ་བྱུགས་བྱུགས་གནང་སྟེ་ཧ་ཅང་མཉེས་པོ་གནང་གི་འདུག བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་བྱེ་རིལ་ཁ་ཤས་ཤིག་འདུག་པ་དང་། དེའི་ནང་ནས་ངོས་ལ་ཅོག་ལེ་ཊི་(chocolate)གཅིག་གསོལ་རས་སུ་གནང་བྱུང་། དེ་ཁས་ཉིན་སྣང་བ་ཧ་ཅང་གསལ་བོ་ཞིག་བྱུང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱས་ནས་སོ་སོས་ཉམས་ལེན་ཧུར་ཐག་བྱས་པ་ཡིན་ན་སྟོན་པའི་བྱིན་རླབས་འབྲལ་མེད་བྱས་ཏེ་ཡོང་བ་ཧ་ཅང་གསལ་བོ་རེད། དེ་རིང་འདིར་ཁྱོད་རང་ཚོར་ཞུ་རྒྱུ་ནི་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་འདི་ལྟར་རེད་ཅེས་བཤད་པ་ཙམ་མ་ཡིན་པར་སོ་སོར་དངོས་གནས་ཚོར་བ་སོས་པ་སླེབས་ཡོང་གི་འདུག ཅེས་སོགས་བཀའ་སློབ་སྩལ་འདུག

མཐའ་མར། ༧གོང་ས་མཆོག་གིས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་ཆོས་འབྲེལ་གྱི་དམིགས་བྱ་རྣམས་ངོ་སྤྲོད་དང་། སེམས་བསྐྱེད་ཀྱི་སྡོམ་པ་འབོག་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཆུ་ཚོད་༩།༣༠ ཙམ་ལ་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་ཟིན་ཏེ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།