19
Fri, Apr

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༧ ཉིན། གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ། པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༧ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་ཐའེ་ཡི་ལྦཱ་ཊ་པ་དགོན་པར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱབས་ནས་བཀའ་སློབ་གནང་དོན། མཐུན་པོ་ཟེར་བ་ནི་དངོས་གནས་བདེ་སྐྱིད་ཀྱི་རྩ་བ་རེད། ཆེ་ས་འཛམ་གླིང་ལ་དམག་འཁྲུག་དང་གོ་མཚོན་བཟོས་པ་རྣམས་མ་མཐུན་པའི་རྐྱེན་གྱིས་བྱུང་བ་རེད། འཛམ་གླིང་ཞི་བདེ་ཡོང་བར་སྨོན་ལམ་རྒྱག་པ་དང་ཆབས་ཅིག་སོ་སོའི་ལག་ལེན་དང་འབད་བརྩོན་གྱི་ཐོག་ནས་མཐུན་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་ཡང་། གོང་ཚེས་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཡི་ལྦཱ་ཊ་པ་དགོན་པར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

ཐོག་མར། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་གོ་སྒྲིག་ཚོགས་ཆུང་གི་མི་སྣ་སྒོ་མང་མཁན་ཟུར་བློ་བཟང་རྒྱ་མཚོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན། པཱ་ལིའི་ཆོས་བརྒྱུད་འཛིན་པའི་དགེ་སློང་དང་མཁས་པ་སོགས་རྒྱ་གར་ནང་ཆེད་ཕེབས་ཀྱིས་བོད་ཀྱི་དགོན་སྡེ་ཁག་དང་། གཙུག་ལག་སློབ་གཉེར་ཁང་སོགས་སུ་ནང་ཆོས་སློབ་གཉེར་བྱེད་ཚུལ་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ལ་སྒོ་གང་ས་ནས་ཉམས་མྱོང་བརྗེ་ལེན་བྱ་རྒྱུ་དང་། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པའི་བོད་ཀྱི་དགེ་འདུན་པ་རྣམས་རྒྱལ་ཁབ་གཞན་དུ་གནས་བརྟན་སྡེ་པའི་ལུགས་འཛིན་པའི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནང་ཆེད་ཕེབས་ཀྱིས་སློབ་གཉེར་གནང་རྒྱུ། ཆོས་བརྒྱུད་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་པའི་འབྲེལ་ལམ་དང་ཉིན་རེའི་ནང་ཆོས་ཉམས་བཞེས་གནང་ཕྱོགས་སོགས་བགྲོ་གླེང་གི་ལམ་ནས་ཕན་ཚུན་དབར་འབྲེལ་ལམ་སྔར་ལས་གོང་འཕེལ་དང་སྲ་བརྟན་ཡོང་རྒྱུའི་ཆེད་ཡིན། ཞེས་སོགས་གསུང་བཤད་གནང་ཡོད་འདུག

དེ་རྗེས་ཐའེ་ཡི་ཝ་ཌ་པ་དགོན་པའི་མཁན་པོ་ཕོ་ར་བྷོ་དྷི་ནན་དྷ་མོ་ནེལ་ལུང་ཕོར་ཇེའུ་(Ven Luang Por Jiew)མཆོག་གིས། འཚམས་འདྲི་དང་འབྲེལ་དེ་རིང་འདིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཝ་ཊ་པ་དགོན་པར་ཕེབས་ནས་བྱིན་རླབས་བཀའ་དྲིན་བསྐྱངས་ཐེངས་གསུམ་པ་ཡིན། ཕྱི་ལོ་ ༢༠༡༨ ལོར་༸གོང་ས་མཆོག་ཝ་ཊ་པ་དགོན་པར་ཐོག་མར་ཆིབས་བསྒྱུར་གནང་ཞིང་། སྐབས་དེར་མགོན་པོ་མཆོག་གིས་ཝ་ཊ་པ་དགོན་པར་རབ་གནས་དང་ཚོགས་ཁང་འདིར་ཆེད་ཕེབས་ཀྱིས་བྱིན་རླབས་བཀའ་དྲིན་བསྐྱངས། དེ་ནས་ལོ་དེའི་ལོ་མཇུག་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པ་རྣམས་ལྷན་ཞུགས་ཀྱིས་སྡེ་སྣོད་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གཉིས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་སྐབས་མགོན་པོ་མཆོག་དབུ་བཞུགས་ཀྱིས་ཐེངས་གཉིས་པར་བྱིན་གྱིས་བརླབས། སྐབས་དེར་ཐའེ་ལེཎྜ། སིངྒཱ་ལ། མ་ཡན་མཱར། ཀམྦོ་ཌིཡཱ། ཝེ་དི་ནམ་སོགས་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་དང་མཁས་དབང་རྣམ་པ་མཉམ་ཞུགས་གནང་ཡོད། དེ་ནས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་དུས་བཟང་འདི་ལྟ་བུ་ཐོབ་པར་ང་ཚོས་ལོ་ཤས་རིང་སྒུག་དགོས་བྱུང་ཡང་། མཐར་སྔོན་གྱི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་རྟེན་འབྲེལ་ལས་ད་ཐེངས་བསྐལ་བཟང་གི་གོ་སྐབས་གསུམ་པ་འདི་ཐོབ་པ་ཞིག་ཡིན། ཀུན་གྱིས་མཁྱེན་གསལ་བཞིན་དེ་རིང་འདིར་ཕྱི་ལོ་ ༢༠༢༢ ནས ༢༠༢༧ བར་གྱི་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལོ་ལྔའི་ལས་གཞི་འདི་ཉིད་དབུ་འཛུགས་ཞུ་བཞིན་ཡོད། ཅེས་སོགས་གསུང་བཤད་གནང་རྗེས།

ཨ་བྷེ་སེའི་(IBC)རྒྱལ་སྤྱི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་དྷརྨ་པཱེ་ཡ་མཆོག་གིས། རྡོར་གདན་ཐའི་ཤིང་ནག་དགོན་དུ་(Wat-pa Temple)པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་ལོ་ལྔ་ཡི་ལས་འཆར་(༢༠༢༢-༢༠༢༧)དབུ་འབྱེད་མཛད་སྒོར་ཐུགས་རྗེ་ཆེའི་གཏམ་བཤད་བྱེད་རྒྱུ་བྱུང་བ་ནི་ཆེས་དགའ་འོས་པ་ཞིག་ཡིན། དེ་བཞིན་ཐའེ་ལན་ཌི། སིངྷ་ལི། འབར་མ། ལྦིཏི་ནམ། ཨ་རི། རྒྱ་གར་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་མཉམ་བཞུགས་པ་རྣམ་པ་ཡང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ལས་གཞི་འདིར་མཉམ་བཞུགས་གནང་ཐུབ་པ་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྱིན་རླབས་དང་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཡིན་པས། ༸གོང་ས་མཆོག་ལ་སྒོ་གསུམ་གུས་པས་གུས་ཕྱག་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཞེས་གསུངས་འདུག

དེ་རྗེས་སིངྒལ་ནས་ཕེབས་པའི་སྐུ་མགྲོན་གཙོ་བོ་ཌོཀཊར་ཝཱརཱཀགོཌ་གྷནརཏྣ་མཧཱནཱཡཀ་ཐེ་རོ། ཨསྒིརིཡ་སྡེ་ཚན་གྱི་སིཡམ་མཧཱནིཀཱཡ་(Dr Waskaduwa Mahindawansa Mahanyake Thero)མཆོག་གིས། ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་འདི་ནི་ལོ་ལྔའི་ནང་ཡུལ་ལུང་མི་འདྲ་བའི་ནང་པའི་རྒྱལ་ཁབ་ཐམས་ཅད་དུ་ལག་ལེན་བསྟར་རྒྱུ་ཞིག་དང་། ཐབས་བྱུས་ཤིན་ཏུ་བཟང་པོ་དང་། རིག་པ་ཤིན་ཏུ་རྣོ་བའི་བསམ་པའི་ཐོག་ནས་མཐུན་སྦྱོར་ཞུས་པའི་ལས་གཞི་ཞིག་ཡིན། ལས་འཆར་འདི་ནི་ལོ་མང་སྔོན་ནས་འཛམ་གླིང་འདིར་ཡོད་དགོས་པའི་ཡིད་ཆེས་དང་། ནང་པའི་རིག་གཞུང་དང་རིང་ལུགས་ཐ་དད་པ་རྣམས་ཕན་ཚན་མཐུན་འབྲེལ་དང་གཅིག་སྒྲིལ་དང་། གོ་རྟོགས་སྤེལ་བ། སྤུན་གྱི་འདུ་ཤེས་ཉེ་རུ་གཏོང་བའི་ཆེད་དུ་ཡིན། སྤྱིར་དུས་དང་དཀའ་ངལ་གཞན་ལ་བརྟེན་ནས་མཐུན་འབྲེལ་ཉེ་བར་འགྱུར་བའི་འགོག་རྐྱེན་བྱུང་བ་ཡིན་ནའང། ད་ནི་ནང་པ་ཀུན་དགའ་འོས་པ་ཞིག་ལ་ལས་གཞི་འདིས་ལོ་རྒྱུས་ཐོག་ཡོད་པའི་སྐྱོན་སེལ་ཐུབ་པ་ཡིན། ཞེས་སོགས་གསུང་བཤད་གནང་འདུག

དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་སྩོལ་དོན། དེ་རིང་གནས་ཁྱད་པར་ཅན་འདི་ལྟ་བུ་ཞིག་ལ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་ཆོས་ལུགས་མི་འདྲ་བ་རྣམས་འཛོམས་པ་རེད། འཛམ་གླིང་འདིར་ཕྲུ་གུ་ཆུང་ཆུང་ཞིག་ལ་སྐད་ཆ་དྲིས་པ་ཡིན་ནའང་མཐུན་པོ་བཟོ་བ་ནི་དགོས་པ་དང་། འཁྲུག་པ་རྒྱག་པ་མི་དགོས་པ་རེད་ཅེས་མཐོང་ཚུལ་ཡོང་གི་འདུག དཔེར་ན། ཆུང་ཆུང་སྐབས་སུ་པཱ་ལགས་དང་ཨ་མ་ལགས་མཐུན་པོ་ཡོད་པའི་སྐབས་སུ་ངོས་རང་སྐྱིད་པོ་འདུག སྐབས་རེར་པཱ་ལགས་དང་ཨ་མ་ལགས་ཏོག་ཙམ་འཁྲུག་ཡོད་དུས་ངོས་རང་ཡང་སྐྱིད་པོ་མི་འདུག གང་ལྟར་མཐུན་པོ་ཟེར་བ་ནི་དངོས་གནས་བདེ་སྐྱིད་ཀྱི་རྩ་བ་རེད། ཆེ་ས་འཛམ་གླིང་ལ་དམག་འཁྲུག་དང་གོ་མཚོན་བཟོས་པ་རྣམས་མ་མཐུན་པའི་རྐྱེན་གྱིས་བྱུང་བ་རེད། ང་ཚོའི་དུས་རབས་འདིར་ཚང་མ་མཐུན་པོ་ཡོང་ཆེད་འཛམ་གླིང་ཞི་བདེ་ལ་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། སྨོན་ལམ་རྒྱག་པ་དང་ཆབས་ཅིག་སོ་སོའི་ལག་ལེན་དང་འབད་བརྩོན་གྱི་ཐོག་ནས་མཐུན་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་མ་མཐུན་པ་བྱུང་ནས་འཁྲུག་པ་ཤོར་བ་དེ་སྔ་ཡིན་ནའང་མང་པོ་བྱུང་བ་རེད། ད་ལྟ་ཡིན་ནའང་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་མི་མཐུན་པའི་འགལ་བ་ཡོང་གི་ཡོད། ཐབས་སྡུག་པོ་ཞིག་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་མི་མཐུན་པ་ཡོང་བ་ནི་ཧ་ལས་པའི་སེམས་སྐྱོ་པོ་རེད། ཆོས་ནི་སེམས་རྒྱུད་བཟང་པོ་བྱེད་པ་དང་། ཀུན་དང་མཐུན་པོ་བྱེད་པར་བསླབ་བྱ་རྒྱག་མཁན་ཞིག་རེད། བསླབ་བྱ་རྒྱག་མཁན་རྒྱུ་མཚན་དུ་བྱས་ནས་མི་མཐུན་པ་བྱེད་ན་ལྷ་བདུད་དུ་བབ་པ་ཟེར་བ་ལྟ་བུ་རེད། ཧ་ཅང་ཐབས་སྐྱོ་པོ་རེད། དེང་སང་འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕྱོགས་འགྲིལ་བྱེད་པ་དང་། འཁྲུག་པ་རྒྱག་པ་ཡོང་གི་ཡོད། ཉེ་འཁྲིས་ཨབ་གྷ་ནི་སི་ཐན་(Afghanistan)ལ་ཆ་བཞག་ན་ཁ་ཆེའི་ཆོས་ལུགས་གཅིག་མཚུངས་ཡིན་ནའང་ཤི་ཡ་(Shias)དང་སོ་ནི་(Sunnis)ཟེར་བའི་ཐོག་ནས་འཁྲུག་པ་རྒྱག་བཞིན་ཡོད། བསམ་ཡུལ་ལས་འདས་པ་རེད། ཆོས་ལུགས་ཚང་མ་བསམ་པ་བཟང་པོ་བྱེད་པ་དང་། མི་ལ་ཕན་ཐོགས་བྱེད་དགོས་པར་བཤད་མཁན་གཅིག་མཚུངས་རེད། ལྟ་གྲུབ་ཀྱི་ཐོག་ནས་ཀྱང་འཇིག་རྟེན་བཀོད་པ་པོ་འདོད་པ་དང་། འཇིག་རྟེན་བཀོད་པ་པོའི་ཁྱད་པར་དུ་ཕྱེས་པའི་ཨ་ལ་འདོད་མཁན་གཅིག་པ་རེད་དེ། ནང་གསེས་ཀྱི་ལོ་རྒྱུས་མི་འདྲ་བ་ཕྲན་བུ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་རྒྱག་བཞིན་ཡོད། ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་ནི་ཧ་ལས་པའི་སེམས་སྐྱོ་པོ་རེད།

ང་ཚོ་དེ་རིང་གནས་ཁྱད་པར་ཅན་འདི་ལ་རིས་མེད་ཆོས་ཚོགས་ཀྱི་མི་དང་། སྐབས་སུ་བབ་པ་འདི་ནང་པའི་གནས་རེད། ནང་པའི་ཡུལ་ཁག་གི་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། འདིར་དེ་གཉིས་རུག་རུག་བྱས་ཏེ་སྟོན་པ་གཅིག་གི་རྗེས་འབྲང་གི་ཐོག་ནས་འཛམ་གླིང་མི་ཀུན་ལ་ཕན་བདེ་སྒྲུབ་པར་གང་དགའ་ཅི་ལེགས་ཤིག་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་དགོས། ཆོས་ལུགས་སྤྱི་དང་། ལྷག་པར་དུ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚོས་རྡོ་ལ་རི་མོ་བྲིས་པ་བཞིན་དམ་ཚིག་གོང་བུ་གཅིག་གྱུར་ཐོག་གཅིག་ཕན་གཅིག་གྲོགས་སུ་སོང་བ་ཞིག་དང་། འཛམ་གླིང་ཞི་བདེ་ལ་ཞབས་འདེགས་སྒྲུབ་པར་ཤུགས་རྒྱག་བསམ་པ་ཞིག་ལ་དགོངས་པ་བཞེས་རོགས། འཛམ་གླིང་འདིའི་ཆོས་ལུགས་ཚང་མ་མི་ལ་ཕན་བདེ་སྒྲུབ་པ་གཅིག་གྱུར་ཡིན་པས་ཚང་མས་ཐུགས་མཐུན་ཁྲིམས་གཙང་གནང་རོགས། དེ་རིང་འདིར་ཆེད་མངགས་འདུས་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་དང་། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམ་པ་ཚང་མས་གཅིག་ཕན་གཅིག་གྲོགས་ཀྱིས་འཛམ་གླིང་ཞི་བདེ་སྒྲུབ་པར་ཆ་ཤས་ཤིག་ལས་མེད་ཀྱང་། ཞབས་འདེགས་སྒྲུབ་ཐུབ་པ་ལ་ཚང་མས་དགོངས་པ་བཞེས་རོགས།

ཆོས་ཀྱི་དོན་དངོས་ཀྱི་གནད་འགག་གང་ཡོད་མ་ཤེས་པར་མིང་ཙམ་གྱི་ཐོག་ནས། དཔེར་ན། ཁྱོད་རྙིང་མ་རེད། ཁྱོད་ས་སྐྱ་རེད། ཁྱོད་དགེ་ལུགས་རེད་ཅེས་བརྗོད་པས་ཕན་ཐོགས་མེད། དགག་པ་རྒྱག་མཁན་ཡིན་ན་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས། དངོས་གནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལྟ་བུ་ཞིག་ཕེབས་པ་ཡིན་ནའང་ལུང་དང་རིགས་པའི་ཐོག་ནས་སྒྲུབ་ཐུབ་པའི་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ། ང་ཚོའི་ས་དགེ་བཀའ་རྙིང་མི་འདྲ་བ་ཚོ་ལ་ལུང་རིགས་རྣམ་གྲངས་དུ་མའི་སྒོ་ནས་སྒྲུབ་རྒྱུ་བྱུང་ན་བསམ་བློ་གཏོང་རྒྱུ་ཞིག་ཡོང་གི་རེད། དེ་མཁས་པའི་རྣམ་དཔྱོད་རེད། དེ་འདྲ་མེད་པར་ཞེན་ཁོག་གིས་ང་པཱ་ལིའི་ཆོས་བརྒྱུད་བྱེད་མཁན་ཡིན། ང་ལེགས་སྦྱར་གྱི་ཆོས་བརྒྱུད་བྱེད་མཁན་ཡིན་ཞེས་ལྟ་གྲུབ་མི་འདྲ་བ་ལ་ཞིབ་ཚགས་པོའི་སློབ་སྦྱོང་མེད་པར་མིང་ཙམ་གྱི་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཟེར་ནས་གཅིག་གིས་གཅིག་ལ་ཐག་རིང་པོར་བསྡད་ན་དགོས་པ་མེད། སྐབས་སུ་བབ་པ་ང་ཚོ་ཚང་མ་སྟོན་པ་གཅིག་གི་རྗེས་འབྲང་ཆགས་ཡོད། དེ་རིང་གནས་མཆོག་ཁྱད་པར་ཅན་འདི་ལ་ང་ཚོ་ཚང་མ་རུག་རུག་བྱས་ཏེ་སྤུན་མཆེད་ནང་བཞིན་ཚོར་བ་ཡོད་པ་བྱུང་བ་རེད། འདི་གྲ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འགན་འཁུར་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་འཛམ་བུ་གླིང་གི་ཞི་བདེ། བྱེ་བྲག་ཏུ་ཆོས་པ་ཚོས་ཞི་བདེ་ཟེར་བ་ནི་ཧ་ཅང་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཀྱིས་འཛམ་གླིང་འདིའི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པའི་སྐད་ཆ་རེད། ཆོས་ལུགས་ཁོ་རང་མི་མཐུན་པ་བཟོ་བའི་སྒང་ལ་ཕྱིན་པ་ཡིན་ན་སྨན་དུག་ཏུ་གྱུར་པ་ནང་བཞིན་རེད། ཧ་ཅང་ཐབས་སྐྱོ་པོ་རེད། ལེགས་སྦྱར་དང་པཱ་ལི་ལ་ཕྱོགས་གཅིག་ནས་ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་ཞེས་མིང་གི་ཁྱད་པར་དང་། ལྟ་གྲུབ་ཀྱི་ཐོག་ལའང་ཕྲན་བུ་ཁྱད་པར་ཡོད་པ་རེད། ཡིན་ནའང་། དེ་དག་ཆུང་ས་རེད། ང་ཚོ་ཚང་མ་སྟོན་པ་བཀའ་དྲིན་ཅན་གཅིག་གི་རྗེས་འབྲང་རེད། སྟོན་པ་བཅོམ་ལྡན་འདས་ད་ལྟ་བཞུགས་ཡོད་ན་ཆོས་ལུགས་མི་འདྲ་བ་རྣམས་ཏོག་ཙམ་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྩོད་པ་བྱས་ན་བཅོམ་ལྡན་འདས་ཐུགས་ཕམ་གྱི་རེད། དཔེར་ན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་། དེ་བཞིན་དུ་ལྟ་གྲུབ་མི་འདྲ་བ་རྣམས་ཆགས་སྡང་གི་བློ་དང་འབྲེལ་ནས་རྩོད་པ་བྱས་ན་བཅོམ་ལྡན་འདས་བཞུགས་ཁྲིའི་སྒང་ནས་ཡར་བཞེངས་ཏེ། མ་བྱེད། མ་བྱེད། ཅེས་གསུངས་རྒྱུ་ཡིན་པ་ཐག་གིས་ཆོད་ཀྱི་འདུག ང་ཚོར་ཆུང་ཚགས་མི་འདྲ་བ་ཡོང་གི་ཡོད་ཀྱང་བཅོམ་ལྡན་འདས་ཤཱཀྱ་སེངྒེ་ཡི་བུ་སློབ་གཅིག་མཚུངས་རེད། ང་ཚོ་ཚང་མ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་། ལེགས་སྦྱར་ནང་ཕྱིན་པ་ཡིན་ན་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་ཀྱི་ཡོད། བསྟན་པའི་རྗེས་འབྲང་གཅིག་པ་ཡིན་པས་ཐུགས་མཐུན་ཁྲིམས་གཙང་དང་། སྟོན་པའི་བཀའ་དྲིན་རྗེས་སུ་གསབ་ཐུབ་པ་ཞིག་ལ་ཚང་མས་ཧུར་ཐག་བྱོས། ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོང་རྒྱུ་གལ་ཆེན་པོ་རེད། ཚང་མས་ཐུགས་མཐུན་ཁྲིམས་གཙང་ཡག་པོ་གནང་རོགས། ངོས་རང་ལ་མཚོན་ན་ཕྱི་འདུལ་བ་ལ་གནས། ནང་བྱང་སེམས་དང་གསང་སྔགས་ཀྱི་ཆོ་ག་རྣམས་གདན་ཐོག་གཅིག་ལ་ཉིན་རེ་བཞིན་བསམ་བློ་བཏང་ནས་སྒོམ་རྒྱག་གི་ཡོད། འདི་སྟོན་པ་བཅོམ་ལྡན་འདས་ལ་སྒྲུབ་པའི་མཆོད་པ་ཡིན། ཁྱོད་ཚོ་ཆོས་གྲོགས་རྣམ་པ་ཚོས་ཀྱང་འདི་ལ་དགོངས་པ་བཞེས་ཏེ་ཐུགས་མཐུན་ཁྲིམས་གཙང་ཡག་པོ་དེ་མུ་མཐུད་ཡག་པོ་དང་། ཧུར་བསྐྱེད་གནང་རོགས། དེ་རིང་འདིར་གདན་སའི་མཁན་པོ་དང་བླ་ཆེན་མང་པོ་ཕེབས་འདུག ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། ང་ཚོ་འདིར་འཛོམས་ནས་མཐུན་པའི་ཚོར་བ་ཡོད་པ་དེ་སོ་སོའི་གྲྭ་ས་ལ་ཕེབས་ནས་དགེ་འདུན་མང་ཚོགས་ལ་སྟོན་པ་གཅིག་གི་རྗེས་འབྲང་རྣལ་མ་བྱེད་ཀྱི་ཡིན་བསམ་པ་ཞོར་ལ་སྐུལ་མ་གནང་ཐུབ་ན་ཡག་པོ་ཡོང་གི་རེད། ཞེས་སོགས་བཀའ་སློབ་སྩལ་རྗེས་ལས་འཆར་ལས་རྟགས་ལ་མཚན་རྟགས་སྐྱོན་པ་དང་།

མཐར་རྡོར་གདན་ཐའི་ཤིང་ནག་དགོན་པའམ་(Wat-pa Temple)ཝ་ཌ་པ་དགོན་པའི་ཐའེ་དང་རྒྱ་གར་ནང་པའི་ཚོགས་པའི་དྲུང་ཆེ་དགེ་སློང་འབུམ་རམས་པ་རཏནེཤཝྲ་ཅག་མ།(Dr Ratneswer Chakme)ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་ཚོགས་ཞུགས་པ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་ལྷན་སྒྲོན་དང་། མགོན་པོ་གང་ཉིད་མཆོག་གིས་ཝ་ཌ་པ་དགོན་པར་ཉིན་གུང་ལྗགས་སྨིན་གནང་རྗེས་རྡོར་གདན་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས།

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འདི་ནི། ལྷོ་ཤར་ཨེ་ཤི་ཡའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ལས་ཁུངས་གཙོས་(Foundation for Buddhist Brotherhood, International Buddhist Confederation) སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པ་དང་། དགའ་ལྡན་ཁྲི་ཐོག་ཁང་། ཐའེ་ཡི་རྡོར་གདན་ཝ་ཙ་པ་དགོན་པ། (Buddhist Thai-Bharat Society, Wat-Pa Monastery)བཅས་ཐུན་མོང་ཐོག་གོ་སྒྲིག་ཞུས་པའི་ལོ་ལྔའི་ལས་འཆར་ཞིག་ཡིན་པ་དང་། ལས་འཆར་འདིའི་དམིགས་ཡུལ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཁྱད་པར་དུ་སྟོན་པ་གཅིག་གི་གདུལ་བྱ་གཅིག་མཚུངས་ཡིན་པའི་འདུ་ཤེས་ཐོག་ཆོས་བརྒྱུད་དབར་མཐུན་འབྲེལ་ཆེད། ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དབར་གཉིས་མོས་ཀྱི་འབྲེལ་ལམ་རྩ་འཛུགས་དང་། གྲུབ་མཐའི་འགོག་རྐྱེན། སྲོལ་རྒྱུན་མི་མཐུན་པ་རྣམས་བགྲོ་གླེང་སོགས་ཀྱི་ལམ་ནས་སེལ་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་ཐབས་སུ་ལོ་ལྔའི་ལས་འཆར་ཞིག་ཡིན་པ་རེད།

ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་ ༢༧ ཉིན་ལས་འཆར་འདི་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཐཱཡི་ལེནཌེ། སིངྷ་ལི། འབར་མ། ལྦིཏི་ནམ། ཨ་རི། རྒྱ་གར་སོགས་ནས་སང་ག་ལའི་གནས་བརྟན་སྡེ་པའི་ཆེས་མཐོའི་དགེ་སློང་སིངྒ་ལའི་མཱ་ཧཱ་ཐེ་རོ་(Warakagoda Dhammasiddhi Sri Pannananda Gnanarathanabahidhana Manahayake Thero)མཆོག་དང་། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་དགའ་ལྡན་ཁྲི་པ་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག ཌོཀཊར་ཝཱརཱཀགོཌ་གྷནརཏྣ་མཧཱནཱཡཀ་ཐེ་རོ། ཨསྒིརིཡ་སྡེ་ཚན་གྱི་སིཡམ་མཧཱནིཀཱཡ་(Dr Waskaduwa Mahindawansa Mahanyake Thero) ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག། གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། རྒྱུད་སྨད་མཁན་པོ་སོགས་བླ་སྤྲུལ་དང་དགེ་འདུན་པ་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་འདུག

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།