23
Tue, Apr

ཕྱི་ལོ་༢༠༢༢ཟླ་༡༢ཚེས་༡༠ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག པར། བརྒྱུད་ལམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༡༢ཚེས་༡༠ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། བོད་མིར་གཉའ་གནོན། འགྲོ་འོང་སོགས་དམ་དྲག་བྱས་དང་བྱེད་བཞིན་ཡོད་པར་ངོ་རྒོལ་བྱེད་ཆེད། རྒྱ་གར་དང་། ཨ་རི། ཨོ་གླིང་། ནིའུ་ཛི་ལེན་ཌི། དབྱིན་ལེན། ནེ་རྡར་ལེན་ཌི། སི་པེན། ཐེ་ཝན། ཉི་ཧོང་སོགས་སུ། བོད་དོན་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་ནས་གཞི་རྒྱ་ཆེའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་ཡང་། རྡ་ས་མེག་གྷན་ཁྲོམ་གཞུང་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་ཀྱིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སྐབས་དེར། རྒྱ་གཞུང་གིས་བོད་ནང་སྡུག་རྩུབ་གཏོང་རྒྱུར་མཚམས་འཇོག་དགོས། བོད་མིའི་རིགས་རྫས་ (DNA) སྡུད་ལེན་བྱེད་པར་མཚམས་འཇོག་དགོས། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། མཉམ་འབྲེལ་རྒྱལ་ཚོགས་ང་ཚོར་དྲང་བདེན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་འདུག

དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འཛམ་གླིང་ས་ཕྱོགས་མང་པོའི་ནང་བོད་མི་ཚོས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག རྒྱ་གར་དང་། ཨ་རི། ཨོ་གླིང་། ནིའུ་ཛི་ལེན་ཌི། དབྱིན་ལེན། ནེ་རྡར་ལེན་ཌི། སི་པེན། ཐེ་ཝན། ཉི་ཧོང་སོགས་སུ་བོད་དོན་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་ནས་ལས་འགུལ་སྤེལ་འདུག

གོང་གི་ཚོགས་པ་གསུམ་ནས་འགྲོ་བ་མིའི་ཐོབ་ཐང་ཉིན་གྱི་བསྒྲགས་གཏམ་ནང་དུ་འཁོད་དོན། དེ་རིང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བྱེད་བཞིན་ཡོད་ཀྱང་། བོད་ནང་དུ་རྒྱ་གཞུང་གིས་བོད་མི་ཚོ་རང་དབང་ངང་ནས་བསམ་ཚུལ་དང་ལྟ་སྟངས་སྨྲ་བའི་རང་དབང་བཀག་བཞག་ཡོད། བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ། གཞས་པ་ཚོར་རང་དབང་ངང་ནས་བོད་ནང་གི་ཆབ་སྲིད་དང་ཆོས་ལུགས་དང་འབྲེལ་བའི་གནས་སྟངས་བགྲོ་གླེང་དང་སྨྲ་བརྗོད་བྱེད་པའི་རང་དབང་མེད། བོད་ཀྱི་ཁོར་ཡུག་ལ་རྒྱ་གཞུང་གིས་སྲིད་ཇུས་ངན་པས་གཏོར་བཤིས་བཏང་དང་གཏོང་བཞིན་ཡོད། ཅེས་དང་།

ཕྱི་ལོ་༡༩༤༨་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༼ འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ། ༽(UDHR)འཆར་ཟིན་བཀོད་པ་རེད། འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ནི་དེང་རབས་སྤྱི་ཚོགས་ཀྱི་རྩ་བའི་ཆ་ཤས་ཤིག་ཡིན། རིགས་རྒྱུད་དང་། ཕོ་མོ། ལོ་ཚོད། སྤྱི་ཚོགས་ཀྱི་གོ་གནས་བཅས་གང་ཡིན་ལ་མ་བལྟོས་པར་ཚང་མར་ཐོབ་ཐང་དང་རང་དབང་ངེས་ཅན་ཞིག་ཡོད་དགོས་པའི་ཡིད་ཆེས་ཡོད། དེའི་ནང་མིའི་ཚེ་སྲོག་གི་ཐོབ་ཐང་དང་། རང་དབང་། བདེ་འཇགས་བཅས་དང་། བྲན་གཡོག་ལམ་ལུགས་དང་མནར་གཅོད་ལས་ཐར་བའི་རང་དབང་། སློབ་གསོའི་ཐོབ་ཐང་། གཏམ་བརྗོད་དང་འདུ་ཚོགས་ཀྱི་རང་དབང་བཅས་ཚུད་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་ཡོངས་ཁྱབ་ཡིན་ཞིང་། དེའི་གོ་དོན་ནི་དེ་ཚོས་ནི་སུ་དང་གང་ལའང་ཡོད་དགོས་པ་ཞིག་ཡིན། དེ་ཚོ་ནི་སུ་ཞིག་ཀྱང་འཕྲོག་མི་རུང་ཅིག་རེད། ཅེས་འགྲེལ་བརྗོད་བྱས་འདུག

འོན་ཀྱང་རྒྱ་གཞུང་གིས་བོད་དང་། ཧོང་ཀོང། ལྷོ་སོག ཐའེ་ཝན། ཡུ་གུར་བཅས་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་བོད་མི་གང་བྱུང་དུ་བཙོན་འཇུག་དང་། ཁྲིམས་ཆད་གཅོད་པ། བཙན་ཤེད་ཀྱིས་ངལ་རྩོལ་བྱེད་པ། གཏམ་བརྗོད་དང་འདུ་ཚོགས་རང་དབང་ལ་ཚོད་འཛིན་བྱེད་པ། ཆོས་ལུགས་དང་རིག་གནས། དགོན་པ་དང་དྲན་རྟེན་རྡོ་རིང་སོགས་རྒྱུད་རིམ་ལྡན་པའི་སྒོ་ནས་གཏོར་བཤིག་གཏོང་བཞིན་ཡོད།

ཞི་ཅིན་ཕིང་གིས་དབང་སྒྱུར་འོག་ཏུ་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་སྤྱི་དམངས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། གསལ་བསྒྲགས་ནང་བཤད་དོན། མི་རྣམས་ཀྱིས་ཆབ་སྲིད་ཀྱི་ལྟ་བ་རྐྱེན་གྱིས་གང་བྱུང་དུ་འཛིན་བཟུང་དང་བཀག་བསྐྱིལ་བྱས་པའི་ཉེན་ཁ་ཆགས་ཡོད། སྲིད་གཞུང་གིས་ཆོས་ལུགས་དང་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་པའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་ཡོད།

ཕྱི་ལོ་༡༩༤༩་རྒྱ་ནག་གི་དྲག་དཔུང་དམག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། རྒྱ་གཞུང་གིས་༼ འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ། ༽ནང་གཏན་ལ་ཕབ་པའི་བོད་མིའི་གཞི་རྩའི་མིའི་ཐོབ་ཐང་མེད་པར་བཟོས་པ་དང་། བོད་མིའི་ངོ་བོར་མེད་པ་བཟོས་པ། བོད་མིར་གཞི་ཡོད་ཀྱི་རྩིས་མཐོང་མེད་པ་བཟོས་ཡོད། དེར་བརྟེན་རྒྱལ་སྤྱིའི་རང་དབང་ཁང་གིས་སྙན་ཐོར་ལྟར་ན། བོད་ནི་༼ འཛམ་གླིང་ཐོག་རང་དབང་ཆེས་ཉུང་བའི་རྒྱལ་ཁབ། ༽ ཀྱི་གྲས་སུ་བཞག་ཡོད། ཅེས་བསྒྲགས་གཏམ་ནང་དུ་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།