24
Wed, Apr

ཕྱི་ལོ་༢༠༢༢ཟླ་༡༠་ཚེས་༡༢ཉིན། བཞུགས་སྒར་རྡ་ས་མེག་གྷན་སྤྱི་ཐང་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་པའི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༡༠་ཚེས་༡༢ཉིན། བཞུགས་སྒར་རྡ་ས་མེག་གྷན་སྤྱི་ཐང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་འོག འཚོགས་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམས་ལ་རྒྱ་གཞུང་ནས་བོད་ཁུལ་ལ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་པའི་བཅའ་སྡོད་དང་སྔོན་འགྲོ་སློབ་གྲྭ་རྣམས་མཚམས་འཇོག་བྱ་རྒྱུ་དང་། བོད་ཡིག་གཙོར་འགྱུར་བའི་སློབ་གྲྭ་རྣམས་སྒོ་རྒྱག་རྒྱུའི་བྱ་འགུལ་འདི་མཚམས་འཇོག་དགོས་པའི་དགོས་འདུན་རྒྱ་གཞུང་ལ་བཏོན་རྒྱུའི་འབོད་སྐུལ་ཞུ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་དབུ་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་འོག འཚོགས་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམས་ལ་རྒྱ་གཞུང་ནས་བོད་ཁུལ་ལ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་པའི་བཅའ་སྡོད་དང་སྔོན་འགྲོ་སློབ་གྲྭ་རྣམས་མཚམས་འཇོག་བྱ་རྒྱུ་དང་། བོད་ཡིག་གཙོར་འགྱུར་བའི་སློབ་གྲྭ་རྣམས་སྒོ་རྒྱག་རྒྱུའི་བྱ་འགུལ་འདི་མཚམས་འཇོག་དགོས་པའི་དགོས་འདུན་རྒྱ་གཞུང་ལ་བཏོན་རྒྱུའི་འབོད་སྐུལ་དང་། ད་དུང་རྒྱ་གཞུང་གིས་བོད་ཀྱི་ཐུན་མིན་གྱི་ངོ་བོ་མཚོན་པའི་སྐད་ཡིག་དང་རིག་གནས། ལོ་རྒྱུས། ད་དུང་སྤྱི་ཚོགས་སོགས་རྩ་གཏོར་གཏང་རྒྱུའི་སྲིད་བྱུས་ཐེར་འདོན་བྱ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག ལས་འགུལ་འདི་བདུན་ཕྲག་གསུམ་རིང་སྤེལ་རྒྱུ་ཡིན་པ་དང་དྲ་ཐོག་ནས་ཀྱང་སྤེལ་བཞིན་ཡོད་འདུག དེར་བརྟེན། ཚོགས་པ་གཉིས་ཀྱིས་མི་མང་ལ་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་ལས་འགུལ་འདིའི་ནང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་འདུག

ཚོགས་པ་གཉིས་ཀྱི་གསར་འགོད་བསྒྲགས་གཏམ་གྱི་ནང་དུ་གསལ་དོན། ལྷན་རྒྱས་ཚོ་རྒྱལ་ཁབ་བདུན་ཚོགས་ཀྱི་དབུ་འཁྲིད་ཅིག་ཡིན་པའི་ཆ་ནས། ད་ལྟ་རྒྱ་ནག་དམར་གཞུང་གིས་བོད་མུ་མཐུད་ནས་བཙན་བཟུང་བྱེད་བཞིན་ཡོད་པ་དང། བོད་ཀྱི་ཐུན་མིན་གྱི་ངོ་བོ་རྩ་མེད་གཏང་རྒྱུའི་ངན་བྱུས་འདིར། ཁྱེད་ཚོ་ཐུན་མོང་ནས་ཐག་གཅོད་ནན་པོ་གནང་སྐྱོང་ཡོང་སླད། ང་ཚོས་ཞུ་ཡིག་འདི་ཕུལ་གྱི་ཡོད་།

ད་ལྟའི་ཆར་རྒྱ་ནག་འདི། དུས་རབས་བཅུ་དགུ་པའི་མི་སེར་སྤེལ་བའི་ལམ་ལུགས་ཀྱི་རྒྱལ་ཁབ་མཐའ་མ་དེ་ཆགས་ཀྱིན་ཡོད། བོད་འདི་རྒྱ་ནག་གི་མི་སེར་སྤེལ་བའི་ལམ་ལུགས་འོག་ཡོད་པའི་དཔེ་མཚོན་གསལ་ཤོས་ཤིག་ནི། ད་ལྟའི་ཆར་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་ཙམ་ཞིག་སོ་སོའི་ནང་མི་དང་སྤྱི་ཚོགས་སོགས་ནས་བཙན་དབང་གིས་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གི་གཞི་རྒྱ་ཆེ་བའི་བཅའ་སྡོད་སློབ་གྲྭ་དང་། སྔོན་འགྲོ་སློབ་གྲྭ་དེ་ཚོའི་ནང་མི་སེར་སྤེལ་བའི་ལམ་ལུགས་ཀྱི་ཤེས་ཡོན་སློབ་གསོ་མྱོང་དུ་བཅུག་གིན་ཡོད།

སློབ་གྲྭ་དེ་ཚོའི་ནང་ཡོད་པའི་བོད་ཕྲུག་ཚོར་སོ་སོའི་ཕ་སྐད་སྦྱང་རྒྱུའི་གོ་སྐབས་མེད་ཁར། རྒྱ་གཞུང་གིས་བཀོད་ཁྱབ་འོག་ཡོད་པའི་བསླབ་གཞི་རྩ་འཛིན་དང་འབྲེལ་བའི་སློབ་ཚན་རྣམས་སྦྱོང་དགོས་ཀྱི་ཡོད་པ་རེད། དེ་བཞིན་བོད་ཁུལ་གྱི་ས་ཕྱོགས་འདྲ་མིན་ལ་ཡོད་པའི་བོད་ཡིག་གཙོ་བོར་འགྱུར་བའི་བོད་པའི་སློབ་གྲྭ་མང་པོ་ཞིག་བཙན་སྐུལ་འོག་སྒོ་རྒྱག་ཏུ་བཅུག་ཡོད་ལ། བོད་ཡིག་སློབ་མཁན་གྱི་དགེ་རྒན་དང་སྐད་ཡིག་འཐབ་རྩོད་པ་མང་པོ་ཞིག་ཐ་ན་བོད་སྐད་ནང་སློབ་འཁྲིད་བྱེད་པ་ཙམ་གིས་བཙོན་འཇུག་བྱེད་ཀྱིན་ཡོད་པ་རེད།

མི་སེར་སྤེལ་བའི་ལམ་ལུགས་འོག་ཡོད་པའི་ཤེས་ཡོན་སྲིད་བྱུས་འདི་དག་གིས། མ་འོངས་པར་སོ་སོའི་སྐད་ཡིག་དང་རིག་གནས། སྤྱི་ཚོགས་སོགས་གང་ལའང་ཆ་རྒྱུས་མེད་པའི་བོད་པའི་མི་རབས་གསར་པ་ཞིག་སྐྱེད་བསྲིང་གིས། མཐར་ཐུག་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏང་རྒྱུ་དང་། ཁོ་ཚོའི་དབང་བསྒྱུར་ལ། འགོག་རྒོལ་བྱེད་ཐབས་ཀྱི་ལམ་བུ་ཚང་མ་རྩ་བཀོག་བྱ་རྒྱུའི་འཆར་བཀོད་འཐེན་ཡོད་པ་རེད། གོང་གི་སྲིད་བྱུས་དེ་དང་འབྲེལ་ནས། རྒྱ་ནག་གཞུང་གིས་བོད་ཁུལ་ལ་བཅའ་སྡོད་སློབ་གྲྭ་གང་མང་ཞིག་ཆེད་འཛུགས་ཀྱིས། བོད་པའི་ནང་མི་དང་དམིགས་བསལ་ཁོང་ཚོའི་ཕྲུ་གུ་ཚོར་ལུས་སེམས་གཉིས་ཀྱི་མནར་གཅོད་ཤུགས་ཆེན་སྤྱད་ཡོད་པ་རེད།

དེར་བརྟེན་གོང་གི་ཛ་དྲག་ཆེ་བའི་གནད་དོན་གལ་ཆེན་དེ་ཚོར། ལྷན་རྒྱས་ཚོས་གཟིགས་ཞིབ་གནང་སྟེ། གཤམ་འཁོད་དོན་ཚན་གལ་ཆེན་གཉིས་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོང་བར་ཞུ། ༡༽རྒྱ་ནག་གཞུང་ནས་བོད་ཁུལ་ལ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་པའི་བཅའ་སྡོད་དང་སྔོན་འགྲོ་སློབ་གྲྭ་རྣམས་མཚམས་འཇོག་གིས། བོད་ཡིག་གཙོ་བོར་འགྱུར་བའི་སློབ་གྲྭ་རྣམས་སྒོ་རྒྱག་རྒྱུའི་བྱ་འགུལ་འདི་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་རྒྱུ། ༢༽ རྒྱ་གཞུང་གིས་བོད་མིའི་ཐུན་མིན་གྱི་ངོ་བོ་མཚོན་པའི་སྐད་ཡིག་དང་རིག་གནས། ལོ་རྒྱུས། ད་དུང་སྤྱི་ཚོགས་སོགས་རྩ་གཏོར་གཏང་རྒྱུའི་སྲིད་བྱུས་འདིར་ཐེར་འདོན་བྱ་རྒྱུ།

བཀུར་འོས་འགོ་འཁྲིད་ཚོས་ཛ་དྲག་ཆེ་བའི་གནས་སྟངས་འདིའི་ཐོག་ཐག་གཅོད་ནན་པོ་གནང་སྐྱོང་ཡོང་བར་ང་ཚོས་རེ་སྐུལ་དང་ངང་སྒུག་ བྱེད་བཞིན་ཡོད། ཅེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།