30
Wed, Nov

ཕྱི་ལོ་༢༠༢༢ ཟླ་༡༠ ཚེས་༢༦། ༧གོང་ས་མཆོག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༠ ཚེས་༢༦། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཁྱིམ་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་ལ། མགོན་པོ་གང་ཉིད་ཀྱིས་ད་དུང་ཡང་དགུང་གྲངས་བཅུ་ཕྲག་གཉིས་ལྷག་ལ་བཞུགས་རྒྱུའི་ཐུགས་སྐྱེད་ཡོད་སྐོར་གྱི་བཀའ་བཞེས་བཟང་པོ་སྩལ་གནང་མཛད་སོང་།

དེ་ཡང་། གོང་ཚེས་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་ལས་བྱེད་དང་སློབ་ཕྲུག དེ་བཞིན་ལས་བྱེད་ཟུར་པ་དང་སློབ་ཕྲུག་ཟུར་པ་ཡོངས་དང་། བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

བརྟན་བཞུགས་ཀྱི་ཆོ་ག་ཚར་རྗེས། ༧གོང་ས་མཆོག་གིས་གསུང་དོན། དེ་རིང་འདིར་དངོས་སུ་བཙན་བྱོལ་ལ་ཡོད་པའི་བོད་མི་སེར་སྐྱ་རྒན་གཞོན་ཚང་མས་གདུང་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་བརྟན་བཞུགས་འབུལ་ཕུལ་གྱི་ཡོད་རེད། འདིར་ལུས་པོ་འཁོད་མེད་ན་ཡང་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་བོད་མི་སེར་སྐྱ་ས་ཡ་ཁ་ཤས་ཡོད་པ་ཚོས་སྙིང་ཁོང་རུས་པའི་གཏིང་ནས་ང་ལ་དད་པ་དང་། དགའ་བ་ཡོད་དུས་ཚང་མས་སྨོན་ལམ་རྒྱག་གི་རེད། དེ་ཙམ་དུ་མ་ཟད་ང་ལ་དགའ་བོ་བྱེད་མཁན་འཛམ་གླིང་ཤར། ནུབ། ལྷོ། བྱང་སོགས་མང་པོ་ན་ཡོད་པ་དེ་དག་གིས་ཀྱང་། དེ་རིང་རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་གྱི་ཡོད་པ་རེད་ཅེས་སེམས་ལ་དགའ་སྤྲོ་སྐྱེས་ནས་བསྡད་ཀྱི་ཡོད་རེད། དེ་དག་ཚང་མར་ངོས་ནས་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན།

ཁོང་གིས་མུ་མཐུད་ནས་གསུང་དོན། གང་ལྟར་བོད་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དེ་ང་ཚོ་ཚང་མས་ཤེས་གསལ་རེད་ལ་ཡོངས་གྲགས་ཀྱང་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ན་ཡང་། སྤྱན་རས་གཟིགས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དང་བཅས་པའི་ཐོག་ནས་གདུལ་བྱའི་དོན་བྱེད་པའམ། སྤྱན་རས་གཟིགས་ལོངས་སྐུ་དང་སྤྲུལ་སྐུའི་རྣམ་པ་ལ་དངོས་སུ་མཐོང་རྒྱུ་ཡོད་མ་རེད། དེར་བརྟེན་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་ཏེ་ལས་དང་སྨོན་ལམ་གྱིས་སྦྲེལ་བའི་ཐོག་ནས་འབྲེལ་བ་ཡོང་གི་ཡོད། ངོས་ལ་ཆ་བཞག་ན་བོད་བྱང་ཤར་གྱི་ས་མཚམས་ནས་སྐྱེས་པའི་བྱིས་པ་ཞིག་འཕགས་པ་སྤྱན་རས་གཟིགས་དང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་པ་ཏན་ཏན་རེད་ཞག

དུས་ད་ལྟའི་བར་གྱི་ལོ་ཡུན་དེ་དག་གི་རིང་ལ་ངོས་བོད་བསྟན་སྲིད་དང་། གཙོ་བོ་བོད་ཀྱི་རིག་གཞུང་གི་ཐོག་ལ་དངོས་གནས་མིག་མཐོང་ལག་ཟིན་གྱི་བྱས་རྗེས་ཤིག་བཞག་ཡོད་རེད། བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་ཚང་མས་མཐོང་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་འདི་ངའི་བྱས་རྗེས་བཞག་པ་རེད། དེ་འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་ཡིན།

འཕགས་པ་སྤྱན་རས་གཟིགས་ཐུགས་དགྱེས་པའི་སྒོ་ནས་ངོས་ལ་བྱིན་རླབས་གནང་སྟེ། ངོས་ད་དུང་འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་ལ་སྡོད་ཐུབ་པ་དང་། ངའི་རྨི་ལམ་ལ་ཡང་ལོ་བརྒྱ་དང་བཅུ་སྐོར་ཞིག་འདོན་ཡོང་གི་འདུག དེར་བརྟེན། ངོས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཁྱེར་ནས་ད་ལྟའི་བར་དུ་བོད་བསྟན་གྱི་དོན་དག་ལ་དཀའ་ལས་བརྒྱབས་ཡོད་ལ། ངོས་མུ་མཐུད་ནས་བྱས་རྗེས་འཇོག་གི་རེད། ཅེས་དང་།

ངོས་རང་གི་ངོས་ནས་ལྷག་བསམ་རྣམ་དག་བྱས་པའི་རིན་པ་ལྟ་བུར་འཛམ་བུའི་གླིང་གི་མི་མང་པོས་ང་ལ་དགའ་བོ་བྱེད་ཀྱི་འདུག དངུལ་སྤྲད་ནས་དགའ་བོ་བྱས་པ་མ་རེད། ངོས་བསམ་པ་རྣམ་དག་གིས་མི་ལ་ཕན་ཐོགས་བྱས་པས། མི་མང་པོས་ངོས་ལ་དགའ་བོ་བྱེད། ངོས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བྱས་ནས་མི་གོ་བཅད་ཡོད་པ་དེ། འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་ཡིན། ངོས་ད་ལྟའི་བར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་སྒོམ་པའི་ལག་རྗེས་ལ་སེམས་སྐྱིད་པ། སེམས་སྐྱིད་པའི་ཐོག་ནས་ཏན་ཏན་ལུས་བདེ་བ་འདུག ཉིན་རེ་བཞིན་དུ་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད་པ་དེས། ཞེད་སྣང་བྱེད་པ་དང་། རྔམ་སྐྲག་སྐྱེ་བ་ལྟ་བུ་རྩ་ནས་མིན་པར། སྙིང་ཁོང་རུས་པའི་གཏིང་ནས་ཞི་བདེ་ཞིག་དང་། སེམས་ལྷོད་ཤིག་གེ་སྡོད་པ་ཞིག་ཡོང་བར་མ་ཟད། སྙིང་སྟོབས་ཤིག་ཀྱང་ཡོང་གི་འདུག

ངོས་ཞི་བ་ལྷའི་དགོངས་པ་བཞིན་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་ཉམས་ལེན་གྱི་མཐིལ་དུ་བྱེད་ཀྱི་ཡོད། བསམ་པ་གཞན་དོན་བསམས་ནས། གཞན་དོན་དུ་རྫོགས་བྱང་དོན་དུ་གཉེར་བའི་བློ་སྒོམ་གྱི་ཡོད་ཀྱང་། ཕན་རྒྱུ་དེ་ངོས་རང་གི་ལུས་པོ་བདེ་ཐང་ཡོང་བ་དང་། སེམས་ཀྱི་ཞི་བདེ་ཡོང་བར་ཞེ་དྲག་ཕན་གྱི་འདུག དེར་བརྟེན་ངའི་ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོངས་པ་ཡག་པོ་ཞིག་བཞེས་ན། སོ་སོའི་ལུས་བདེ་བ། སེམས་སྐྱིད་པ། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་རང་དོན་སྒྲུབ་པ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་བ་དང་། གཞན་དོན་སྒྲུབ་པ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་བ། ཚོགས་གསོག་པ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་བ། སྒྲིབ་པ་སྦྱོང་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་གི་ཡོད།

ངོས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་ནས་བསམ་བློ་གཏོང་གི་ཡོད་པ་ཡིན་དུས། ཁྱོད་ཚོ་ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཐོངས། ཤེས་སོང་ངམ། དངོས་གནས་སེམས་སྐྱིད་པ། ལུས་བདེ་བ། ཚེ་འདིར་བདེ་བ་ཙམ་དུ་མ་ཟད། ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་ཞིག་ཡོང་ཐུབ་པ་ཞིག་ཏན་ཏན་རེད་ཞག ཚང་མས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་རྒྱུ་དང་། ཧུར་ཐག་གནང་རོགས་ཞེས་ཟེར་རྒྱུ་ཡིན། བྱང་ཆུབ་ཀྱི་སེམས་སྒོམ་པ་དེས་འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་འབུལ་གྱི་ཡོད་པར་བརྟེན། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཞུགས་ཞེས་པ་ཡང་དེའི་ཐོག་ནས་ཡོང་གི་ཡོད། ཅེས་གསུངས་སོང་།

ད་དུང་༧གོང་ས་མཆོག་གིས་གསུང་དོན། ངོས་རང་ལས་དང་སྨོན་ལམ་གྱིས་བོད་མིའི་འགོ་ཁྲིད་ཅིག་ལ་སྐྱེས་ཡོད་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་ཐོག་ནས་ད་དུང་ལོ་བཅུ་ཕྲག་གཉིས་སྡོད་ཐུབ་པར། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་རླབས་གནང་བ་ཤོག ངའི་ལོ་རྒས་ཡོང་གི་ཡོད་ཀྱང་ཁ་བདེ་ཐག་ཆོད་བྱས་ནས་བསྡད་ཡོད། ས་བཞག་མེ་འབར་ཟེར་བ་ལྟར། པུས་མོ་ཏོག་ཙམ་མི་བདེ་བས་མཚམས་རེར་གོམ་པ་སྤོ་རྒྱུར་དཀའ་ངལ་འདུག ཡིན་ན་ཡང་མར་བསྡད་པ་ཡིན་ན་ཁ་ནས་བཤད་རྒྱུ་ཡོད་པ་དེ། འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་ཡིན།

ཚེ་འདིར་ངོས་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་མཁན་དེ་དག ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས། གཏན་གྱི་མདུན་མ་སྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོད་པས། ཁྱོད་ཚོ་ཚང་མས་ངོས་ལ་དད་པ་དང་། དགའ་ཞེན་བྱེད་པ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།