19
Fri, Apr

བོད་དོན་ལས་འགུལ་བ་སངས་རྒྱལ་སྐྱབས་ལགས་ཀྱིས་ཁེ་ཎ་ཌ་རྒྱལ་ཡོངས་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༡༦་ཉིན། ཁེ་ཎ་ཌ་གནས་ཞུགས་བོད་དོན་ལས་འགུལ་བ་སངས་རྒྱལ་སྐྱབས་ལགས་ཀྱིས་ཟླ་གསུམ་ལྷག་གིས་རིང་བོད་ནང་ཛ་དྲག་གི་གནས་སྟངས་དང་བོད་དོན་སྐོར་རྒྱལ་སྤྱིའི་མི་མང་དང་ཁེ་ཎ་ཌ་ས་གནས་ཁུག་ཀྱོག་ཏུ་གནས་པའི་ཡུལ་མི་རྣམས་ལ་གོ་རྟོགས་སྤེལ་ཆེད་ཁེ་ཎ་ཌ་རྒྱལ་ཡོངས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བརྩམས་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པར་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཌའི་གྲོང་འཁྱེར་ཝན་ཁུ་ཝེར་( Vancouver)་ཞེས་པ་ནས་ཁེ་ཎ་ཌ་མངའ་སྡེ་བཅུ་ཡི་ནང་དུ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་འདུག ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཁེ་ཎ་ཌ་སྲིད་གཞུང་ལ་འབོད་སྐུལ་དོན་ཚན་ལྔ་ཞུས་འདུག དེ་དག་ནི་དང་པོ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རོགས། གཉིས་པ། ཡིད་ཆེས་དང་ལྡན་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སྐྱར་གསོ་བྱ་རྒྱུ། གསུམ་པ། ༧པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས། བཞི་པ། བོད་ནི་ད་བར་དུ་རྒྱ་གཞུང་གི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་འོག་གནས་ཡོད་པ་དང་བོད་མི་བརྒྱ་དང་བདུན་ཅུ་ལྷག་གི་རང་ལུས་མེར་བསྲེག་བཏང་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས། ལྔ་པ། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་འཛམ་གླིང་ལ་ཉེན་ཁ་བཟོ་བཞིན་པའི་རྒྱ་གཞུང་གི་ཡར་རྒྱས་རྫུན་མའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་བཅས་ཡིན་འདུག

སངས་རྒྱལ་སྐྱབས་ལགས་ཀྱི་བརྗོད་དོན། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་དཀའ་ངལ་ཡོད་པ་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་རྒྱ་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་བཅས་རྒྱལ་སྤྱིའི་མི་མང་དང་དམིགས་བསལ་ཁེ་ཎ་ཌ་ས་ཆ་ཁུག་ཀྱོག་ཁག་ཏུ་གནས་པའི་ཡུལ་མི་རྣམས་ལ་གོ་རྟོགས་སྤེལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་ཡིན།

དེ་བཞིན། རྒྱལ་ཡོངས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་གཞན་ནི་རྒྱལ་སྤྱིའི་དབུ་ཁྲིད་དང་ཚོགས་སྡེ་ཁག མི་མང་བཅས་ལ་བོད་རྒྱ་དཀའ་རྙོག་སེལ་ཐབས་དང་༧རྒྱལ་བ་རིན་པོ་ཆེ་ཕ་ས་ཕ་ཡུལ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་ཐབས། དེ་བཞིན་བོད་གཞིས་བྱེས་གཉིས་མཉམ་འཛོམས་དང་། བོད་ནང་དུ་ཞི་བདེ་ཡོང་ཐབས་བཅས་ལ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་ཡིན།

བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འདི་ཟླ་བ་གསུམ་ལྷག་འགོར་རྒྱུ་རེད། ཁེ་ཎ་ཌར་མངའ་སྡེ་བཅུ་ཡོད་དེ་རྣམས་ཚང་མ་སྐོར་ཐབས་བྱ་རྒྱུ་ཡིན། འོན་ཀྱང་། ཟླ་བ་གསུམ་ལྷག་ནང་ད་དུང་སྐོར་སྐྱོད་མ་ཐུབ་ན་མཚམས་འཇོག་བྱེད་རྒྱུ་ཡིན་གང་ཡིན་ཟེར་ན་དེའི་སྐབས་གནས་གཤིས་ཧ་ཅང་གྲང་མོ་ཆགས་ཀྱི་རེད། རྐང་འཁོར་བཞོན་ནས་འགྲོ་ཐུབ་རྒྱུ་མ་རེད།

མངའ་སྡེ་རེ་རེའི་ནང་དུ་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་གྱི་ཡིག་ཆ་ཆིག་སྟོང་ལྷག་འགྲེམས་སྤེལ་བྱ་རྒྱུའི་ཆ་གཞི་དང་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད། ལམ་ཐག་རིང་པོ་བརྒྱུད་དགོས་དུས་ལམ་ལ་ཉེན་ཁ་དང་རི་དྭགས་གཅན་གཟན་ཡོད་པ་དེ་འདྲའང་ཐུག་སྲིད་པ་རེད། འོན་ཀྱང་། སྒེར་གྱི་ངོས་ནས་འགྱོད་པ་ཅི་ཡང་མེད། རང་ཉིད་བོད་མི་ཞིག་ཡིན་པ་དང་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐབས་དང་རྒྱལ་གཅེས་དཔའ་དཔའ་མོ་རྣམས་ཀྱི་ཁ་ཆེམས་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་སེམས་ནང་བཅངས་ནས་ལས་འགུལ་འདི་སྤེལ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།