25
Thu, Apr

བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པའི་བགྲོ་གླེང་ཐོག་གི་ཚོགས་བཅར་རྣམས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་དང་དྲུང་ཆེ་སོགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༡༠་ཉིན། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ལ་མཁས་པའི་མི་སྣ་་ཉི་ཤུ་ལྷག་གིས་བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་དབུ་འཛུགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཐོག རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་དབུ་འཛུགས་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་རེ་མདོ་སེངྒེ་ལགས། ཝྭ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། ཝྭ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་བེ་རི་འཇིགས་མེད་ལགས། བོད་ཀྱི་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། བཙུན་དགོན་སྒྲོལ་མ་གླིང་གི་སློབ་དཔོན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་དང་བསོད་ནམས་རྒྱལ་མཚན་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁག་གི་སློབ་སྤྱི་སྨན་ཤར་བློ་གྲོས་སོགས་ཚོགས་བཅར་༢༣་ཕེབས་གནང་འདུག

ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནས་བརྗོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཐོག་མར་གསར་འཛུགས་བྱས་པ་ནས་བཟུང་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་སླད་ལས་འཆར་སྤེལ་མུས་ཡོད་ཀྱང་། ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བའི་བར་དེ་སྲིད་བོད་ཀྱི་རྩ་ཆེའི་རིག་གཞུང་མུ་མཐུད་བཙན་བྱོལ་དུ་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཞིག་ཡིན་སྟབས། འདི་ལས་དཔལ་ལྡན་བཀའ་ཤག་གི་བཀའ་འཁྲོལ་ཐོག ཕྱི་ལོ་༢༠༢༡་ཟླ་བ་༧་པའི་ནང་བོད་ཀྱི་རིག་གཞུང་སླར་གསོ། རྒྱུན་འཛིན། དར་སྤེལ་སླད་འབད་བརྩོན་སྔར་ལྷག་བྱ་རྒྱུར་རིག་གཞུང་རིག་གཞུང་ཚན་པ་ཞིག་གསར་འཛུགས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་དོན་ཞུ་བཞིན་ཡོད། ལྷག་པར་ཚན་པའི་དམིགས་ཡུལ་ལྟར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འཆར་ཁག་དུས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་ཡོང་ཐབས་སུ་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལས་འཆར་སྤེལ་ཕྱོགས (Strategic Plan Development of Tibetan Culture)ཞེས་པ་ལས་འཆར་གཅིག་གི་འོག ༡ མཁས་པའི་བགྲོ་གླེང་། ༢ ན་གཞོན་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ། ༣ ས་གནས་སུ་རྒན་རབས་པ་རྣམས་ལ་བཅར་འདྲི། ༤ ལྷན་ཁང་གི་ཚོགས་འདུ་བཅས་ཚོགས་འཆར་ཡོད་པ་བཞིན། མཁས་པའི་བགྲོ་གླེང་དེ་བཞིན་ཕྱི་ལོ་༢༠༢༢་ཟླ་༨་ཚེས་༡༠་ནས་༡༡་བར་ཉིན་གཉིས་རིག་ཚོགས་གཏན་ཁེལ་ཡོད། 

བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པ་གོ་སྒྲིག་ཞུ་དགོས་དམིགས་ཡུལ་ནི། བོད་ཀྱི་རྩ་ཆེ་བའི་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཡོང་ཐབས་དང་། བོད་ཀྱི་སྤྱི་ཚོགས་ཁྲོག་རིག་གཞུང་ལ་དོ་སྣང་དང་། གདེང་སྤོབས། ཆེ་མཐོང་། མ་འོངས་ལས་དོན་བྱེད་ཕྱོགས་དང་འཆར་གཞི་བཀོད་སྒྲིག དེ་བཞིན་གཞོན་སྐྱེས་ཚོའི་ཁྲོད་བོད་ཀྱི་རིག་གཞུང་ཐོག་དོ་འཁུར་དང་སྤྲོ་སྣང་གསར་པ་སྐྱེས་ཐབས་སུ་རིག་གཞུང་དང་འབྲེལ་བའི་ལས་འཆར་ཁག་ཀྱང་དགོས་མཁོ་དང་འཚམ་པ་ཡོངས་ཐབས་ཆེད་ཡིན། 

བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་བྱ་རྒྱུ་ནི་བོད་ཀྱི་འཐབ་རྩོད་ནང་གི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན། མི་རབས་ནས་མི་རབས་རིག་གཞུང་རྩིས་སྤྲོད་ཐུབ་པ་དང་། དམིགས་བསལ་བཙན་བྱོལ་ནང་དུ་རིག་གཞུང་གཞན་དང་བསྲེ་ལྷད་ཡོང་གི་ཡོད་ཙམ། ཆོས་རིག་ལས་ཁུངས་ངོས་ནས་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་སླད་དེའི་ཐོག་ལས་འཆར་དང་ལས་གཞི་སྤེལ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་གསུང་བཤད་གནང་དོན། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ནང་ཆོས་དང་སྐད་ཡིག་ཐོག་འབད་བརྩོན་མང་དག་ཅིག་གནང་བཞིན་ཡོད། རིག་གཞུང་གི་ནང་ནས་ཡལ་ལ་ཉེ་བའི་སྒྱུ་རྩལ་དང་རིག་རྩལ་སོགས་ཀྱི་ཐོག་འགན་བཞེས་ཐུབ་ན་སྙམ་སྟེ་འཆར་གཞི་འདི་བཏོན་པ་རེད། ད་བར་བོད་པའི་སྤྱི་ཚོགས་ནང་རིག་རྩལ་དང་སྒྱུ་རྩལ་མི་འདྲ་བ་ཕྱག་བསྟར་གནང་བཞིན་པ་དེ་དག་སེམས་ཤུགས་འཕར་སླད་དངུལ་འབོར་ཆུང་ཆུང་དེ་འདྲ་འབུལ་བ་ལས་ལྷག་ཆོས་རིག་ལས་ཁུངས་ནས་དམིགས་སུ་བཀར་ནས་གང་ཡང་གནང་ཐུབ་ཀྱི་མེད། ང་ཚོའི་འཐབ་རྩོད་ཐོག་ནས་ཆ་བཞག་པ་ཡིན་ནའང་ཕྱི་ལོ་ ༢༠༡༡ ལོར་ཕྲན་རང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་པའི་ཆོས་དང་རིག་གཞུང་དར་སྤེལ་ཡག་པོ་བྱས་ཐུབ་པ་ཡིན་ན། འཐབ་རྩོད་ཀྱི་ལས་འགན་ཆེན་པོ་ཞིག་གྲུབ་པ་རེད། ཅེས་བཀའ་ཕེབས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་བྱེད་ཐུབ་པ་འདུག་ཅེས་བསམ་བློ་གཏོང་ཡོང་དུས་ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག་བསམ་གྱི་འདུག ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། བཙན་བྱོད་བོད་མིའི་གཞིས་ཆགས་ཁག་ཏུ་ཚོང་ལས་དང་ལུས་སེམས་འཕྲོད་བསྟེན་གྱི་སྦྱོང་བརྡར་བསྟི་གནས་ (Marketing Strategy and Holistic Wellness Centre) དེ་འདྲ་བཟོ་ཐུབ་པ་ཡིན་ན་ཕྱིའི་མི་རང་བཞིན་ཡོང་གི་རེད་ལ། དེ་བརྒྱུད་ནས་བོད་པའི་རིག་གཞུང་ལའང་བོད་པ་དང་ཕྱིའི་མིས་དོ་སྣང་བྱ་རྒྱུ་ཡིན་པའི་སྐོར་ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་གཏོང་བཞིན་ཡོད། ཐེངས་འདིའི་ཚོགས་འདུ་དེ་འཐབ་བྱུས་ཀྱི་ཚོགས་འདུ་ལྟ་བུ་རེད། འཕྲལ་ཕུགས་རྒྱང་གསུམ་གྱི་ཆེད་དུ་ང་ཚོས་འཆར་གཞི་ག་རེ་སྒྲིག་ན་ཡག་ས་རེད། དེ་ཚོའི་སྐོར་རྣམ་པ་ཚོས་དགོངས་ཚུལ་གསུང་རོགས་གནང་། གལ་ཆེ་ཤོས་དེ་བོད་པའི་གཞོན་སྐྱེས་རྣམས་ལ་སྙོབ་ཐུབ་པ་ཞིག་དགོས་ཀྱི་ཡོད། ང་ཚོའི་མི་རབས་འདི་མཚམས་སྦྱོར་གྱི་མི་རབས་རེད། མཚམས་སྦྱོར་གྱི་མི་རབས་ཡིན་པའི་ཆ་ནས་ང་ཚོས་འགན་ཡག་པོ་འཁུར་ཐུབ་པ་ཡིན་ན་མི་རབས་རྗེས་མ་རྣམས་ལ་རྩིས་སྤྲོད་ཡག་པོ་བྱ་ཐུབ་ཀྱི་རེད། དེ་ལྟར་བྱུང་ན་བོད་མིའི་འཐབ་རྩོད་ག་ཚོད་འགོར་ཡང་རྒྱུན་གནས་ཐུབ་ཀྱི་རེད། ང་ཚོ་དེང་དུས་ཀྱི་འཕྲུལ་ཆས་དང་མཉམ་དུ་འགྲོ་དགོས་པ་དེ་ཡང་གལ་ཆེན་པོ་རེད། ཅེས་དང་།

ད་དུང་ཁོང་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་ལས་བཟང་དུ་འགྲོ་ཡི་མེད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་བྱས་ཏེ་མི་རིགས་གཅིག སྐད་ཡིག་གཅིག རིག་གཞུང་གཅིག་ཅེས་སྲིད་བྱུས་འཛིན་བཞིན་ཡོད་སྟབས་མི་རིགས་གཞན་གྱི་རིག་གཞུང་རྩ་བརླག་གཏང་རྒྱུའི་བསམ་བློ་ཡོད་པ་གསལ་པོ་རེད། ཅེས་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།