03
Mon, Oct

ཕྱི་ལོ་༢༠༢༢ ཟླ་༧ ཚེས་༢༥ ཉིན། ལ་དྭགས་ཁྲིག་རྩེ་དགོན་པའི་གསུང་ཆོས་ར་བའི་ནང་དུ་༧གོང་ས་མཆོག་གིས་མི་མང་དང་སློབ་པྲུག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་གནང་སྐབས། པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༧ ཚེས་༢༥ཉིན། ༧གོང་ས་མཆོག་གིས་སེམས་པ་བཟང་པོ་ཡོད་ན་རང་ཉིད་ཞི་བདེ་དང་སྐྱིད་པ་ཡོང་གི་ཡོད། གཞོན་སྐྱེས་རྣམས་ཀྱིས་ངེས་པར་སེམས་པ་བཟང་པོ་བྱེད་རྒྱུའི་སྐོར་བསམ་བློ་གཏོང་དགོས། ཇི་ཙམ་གྱི་གོ་མཚོན་མང་བ་བཟོས་ན་དེ་ཚོད་ཀྱི་འགྲོ་བ་མིར་ཞི་བདེ་དང་བདེ་སྐྱིད་ཡོང་གི་མ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གནའ་བོའི་རིག་གཞུང་སྙིང་རྗེ་དང་འཚེ་བ་མེད་པ་ཟེར་བ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སྩལ་འདུག

དེ་ཡང་། ཟླ་འདིའི་ཚེས་༡༤ ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་ས་ནས་ཆིབས་ཐོན་གྱིས་ཟླ་འདིའི་ཚེས་༡༥ ཉིན་མོར་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་འདུག དེ་ནས་ཟླ་འདིའི་ཚེས་༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཇོ་ཁང་དང་། ལ་དྭགས་གླེ་ཁ་ཆེ་སུན་ནི་དང་ཞི་ཡཱ་མཆོད་ཁང་། དེ་བཞིན་མཱོ་རཱ་ཝིན་ཡི་ཤུའི་མཆོད་ཁང་(Moravian Church)བཅས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་༢༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དུ་ཆིབས་སྒྱུར་གྱིས་རབ་གནས་དང་། ཁྲིག་རྩེ་དགོན་པའི་གསུང་ཆོས་ར་བར་ལ་དྭགས་ཀྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་གཙོས་དགེ་སློབ་ཉིས་སྟོང་བརྒལ་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་སྩལ་ཡོད་འདུག

ཐོག་མར། ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ལ་རབ་གནས་དང་གཟིགས་སྐོར་ལེགས་པར་གྲུབ་རྗེས་ཁྲིག་རྩེ་དགོན་པའི་ཤེས་རབ་སྐྱེད་ཚལ་གླིང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ། ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་ལ་དྭགས་དགོན་ཚོགས་དང་ནང་ཚོགས། གུས་བཅས་ནས་༸གོང་ས་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་རྒྱུར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་པ་མ་ཟད་གསུང་ཆོས་དང་བཀའ་སློབ་བཀའ་དྲིན་བསྐྱངས་པར་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། གསོལ་འདེབས་རེ་འདུན་ཞུས་པ་ལྟར་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་ནང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་ལ་སྤྱན་གཟིགས་དང་འབྲེལ་ཕྱག་གནས་དང་། སློབ་ཕྲུག་དང་ཕ་མ་མི་མང་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་སྩལ་རྒྱུར་ཞལ་བཞེས་བཟང་པོ་ཐོབ་པར་བཀའ་དྲིན་ཆེ་ཞུ། ཞེས་དང་།

ལ་དྭགས་མི་མང་རྣམས་ཀྱིས་ནང་ཆོས་ཀྱི་གནད་འགག་ཤེས་ནས་ཆོས་དང་རིགས་ལམ་སོགས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། གུས་འབངས་རྣམས་ཐུགས་བརྩེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བར་བརྩེ་གཟིགས་ཡོང་བ་ཞེས་གསོལ་འདེབས་དང་འབྲེལ། ཤེས་རབ་སྐྱེད་ཚལ་གླིང་ལོ་གསུམ་ནང་འགྲུབ་དགོས་པའི་ལམ་སྟོན་བཀའ་དགོངས་ཕེབས་དོན་བཞིན་ཕྱི་ལོ་༢༠༡༨ ལོར་མགོ་འཛུགས་དང་ཕྱི་ལོ་ ༢༠༢༠ ལོར་འཛུགས་སྐྲུན་ལེགས་པར་གྲུབ་སྟེ། སློབ་གྲྭ་ཁག་ནས་སློབ་ཕྲུག་༣༥༠ ལ་ཉིན་གྲངས་༤༥ རིང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་སློབ་སྦྱོང་སྤྲད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ནད་ཡམས་ཀྱི་རྐྱེན་གྱིས་སློབ་ཕྲུག་ ༡༥༠ དང་། ཕྱི་ལོ་༢༠༢༢ ལོར་སློབ་ཕྲུག་༣༥༠ ལ་ཟབ་སྦྱོང་ལེགས་པར་ཕུལ་ཐུབ་པ་རྣམས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ཡིན་པ་དང་། མཐར་༸གོང་ས་མཆོག་ཁྲིག་རྩེ་དགོན་པར་༸ཞབས་སོར་འཁོད་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བཞིན་ད་བར་བསྒྲུབས་དང་སྒྲུབ་མུས་དང་། ཕྱིས་སུ་ཡང་བཀའ་དགོངས་སྒྲུབ་རྒྱུ་དམ་བཅའ་འབུལ་རྒྱུ་ཡིན་ཞེས་ཕེབས་བསུའི་གསུང་བཤད་གནང་འདུག

དེ་ནས་ ༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་ལ་དྭགས་སུ་ཡང་བསྐྱར་ཚར་གཅིག་སླེབས་ནས་ཁྱོད་རང་ཚོ་རྒན་བྱིས་མང་པོར་ཐུག་ནས་དངོས་གནས་དྲང་གནས་མཛའ་བརྩེའི་རྣམ་འགྱུར་ཧ་ཅང་གསལ་བོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལ་དྭགས་པའི་སྤྱི་ཚོགས་ནང་ཧ་ཅང་འཆམ་མཐུན་ཡོད། ཆོས་ལུགས་དང་རིགས་རུས་ཀྱི་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྣམ་པ་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་མཉམ་གནས་བྱེད་དགོས། ང་ཁ་ཆེ་ཡིན། ང་ནང་པ་ཡིན། ང་གཅེར་བུ་བ་ཡིན། ང་ཡེ་ཤུ་པ་ཡིན་ཞེས་ཧ་ཅང་གིས་དང་དོད་བྱས་ན་ཕན་པ་ལས་གནོད་ཀྱི་ཡོད། ང་རང་ཚོ་ཚང་ཨ་མའི་མངལ་ལས་སྐྱེས་པའི་འགྲོ་བ་མི་རེད། ཕྲུ་གུ་ཆུང་ངུ་རྣམས་ལ་ཆ་བཞག་ན་ཁོང་ཚོས་ནམ་ཡང་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། ནང་པའི་ཆོས་ལུགས་གང་ཡིན་སྐོར་བསམ་བློ་གཏོང་གི་མ་རེད། ངོས་རང་ལ་ཆ་བཞག་ནའང་གཞི་རྩའི་ཆ་ནས་འགྲོ་བ་མི་ཞིག་རེད། ངོས་རང་གང་དུ་ཕྱིན་ཡང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་གྱི་ཡོད། འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་ཚང་མ་སྐྱེ་སྟངས་དང་འཆི་སྟངས་གཅིག་པ་རེད། ང་ཚོ་ཡར་འཚར་ལོངས་བྱུང་རྗེས་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་དོད་བྱེད་རྒྱུའི་ཚབ་ཏུ་ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས། ང་ཚོའི་རིགས་རུས་དང་ཁོང་ཚོའི་རིགས་རུས། ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ་ཅེས་ཧ་ཅང་དང་དོད་བྱེད་ཀྱི་ཡོད། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཏག་ཏག་བྱེད་ཐུབ་ན་འགྲིག་གི་ཡོད། འོན་ཀྱང་། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཤུགས་ཆེ་དྲགས་ན་དཀའ་ངལ་འབྱུང་གི་ཡོད། ཅེས་དང་།

ངོས་ཀྱི་ལས་འགན་གཅིག་ནི་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་གི་ཡོད། ང་ཚོ་གོ་ལ་འདིའི་སྟེང་གི་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་བསམ་བློ་གཏོང་དགོས། ཆོས་ལུགས་དང་རིགས་རུས་ལ་བརྟེན་ནས་ཕན་ཚུན་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དེ་ནི་ང་ཚོའི་བསམ་བློ་རང་གིས་བཟོས་པ་རེད། གཞི་རྩའི་ཆ་ནས་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་སྐྱེས་པའི་སྐབས་མའི་བྱམས་བརྩེ་དང་འོ་མར་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད། འཆི་བའི་སྐབས་གཡས་གཡོན་དུ་ཡོད་པའི་མི་རྣམས་ཀྱིས་བྱམས་སྐྱོང་གནང་ན་ང་ཚོ་དགའ་ཚོར་སྐྱེའི་རེད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སེམས་པ་བཟང་པོ་ཡོད་ན་རང་ཉིད་ཞི་བདེ་དང་སྐྱིད་པ་ཡོང་གི་ཡོད། གཞོན་སྐྱེས་རྣམས་ཀྱིས་ངེས་པར་སེམས་པ་བཟང་པོ་བྱེད་རྒྱུའི་སྐོར་བསམ་བློ་གཏོང་དགོས། ཇི་ཙམ་གྱི་གོ་མཚོན་མང་བ་བཟོས་ན་དེ་ཚོད་ཀྱི་འགྲོ་བ་མི་བདེ་སྐྱིད་ལྡན་པ་ཡོང་གི་མ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གནའ་བོའི་རིག་གཞུང་སྙིང་རྗེ་དང་འཚེ་བ་མེད་པ་ཟེར་བ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་འདུག

ཡོངས་ཁུངས། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།