29
Fri, Mar

བོད་ལྗོངས་མདོ་སྨད་ཆོལ་ཁའི་ངོས་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་སྐུའི་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༦་ཚེས་༡༤ཉིན། བོད་ལྗོངས་མདོ་སྨད་ཆོལ་ཁའི་ངོས་ནས་༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་གཟེངས་རྟགས་ཤིག་ཕུལ་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་ས་ཀིརྟི་བྱེས་པ་གྲྭ་ཚང་དུ། ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་ཤིག་ཚོགས་སོང་། མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་༸དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་ཁྲི་རབས་གཉིས་པ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བླ་སྤྲུལ་དགེ་འདུན་པ་རྣམ་པ། བཀའ་ཟུར་རྗེ་བཙུན་པདྨ་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག བཀའ་ཟུར་བླ་བྲང་འཕགས་པ་ཚེ་རིང་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་རྣམས་ཕེབས་འདུག

ཀིརྟི་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གྲུབ་མཚམས། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གངས་རི་ལགས་ཀྱིས་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་སོང་། དེ་ནས་ཀིརྟི་རིན་པོ་ཆེ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་སོང་།

དེའི་རྗེས། ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་དགུང་ལོ་༡༥་ཐོག་༧གོང་ས་མཆོག་གི་ཕྱག་འཕྲིན་འབྱོར་བ་དང་ལྷ་སར་ཕེབས་ཡོད་པ་དང་། དང་ཐོག་བོད་ནང་དང་དེ་ནས་བཙན་བྱོལ་དུ་འབྱོར་རྗེས་སུ་༧གོང་ས་མཆོག་ལ་ཞབས་ཞུ་ཞུས་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ཕྱག་ལས་གནང་སྐོར། ང་ཚོ་ཚང་མས་༧གོང་ས་མཆོག་གི་བཀའ་བརྩི་དགོས་པ་དང་དགོངས་པ་རྟོགས་པ་བྱེད་དགོས་པར་གལ་ཆེན་པོ་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། བོད་ནང་དུ་བོད་མི་ཚོ་དཀའ་ངལ་དེ་འདྲ་འོག་སེམས་ཤུགས་མ་ཆགས་བསྡད་ཡོད་པ་དང་། ང་ཚོས་བཙན་བྱོལ་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་སྐོར་སོགས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།