20
Sat, Apr

ཕྱི་ལོ་༢༠༢༢ ལོའི་ཟླ་༦ཚེས་༡༣ཉིན། བཞུགས་སྒར་རྡ་སར་༧གོང་ས་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ལོའི་ཟླ་༦ཚེས་༡༣ཉིན། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་སྩལ་གནང་མཛད་སོང་།

དེ་ཡང་། མགོན་པོ་གང་ཉིད་ནས་གསུངས་དོན། སེམས་དཀྲུག་མཁན་ཉོན་མོངས་ཡིན་པ་དང་། ཆུང་ས་ཁྱིམ་ཚང་དང་ཆེ་ས་རྒྱལ་ཁབ་ཕན་ཚུན་མི་མཐུན་པ་བཟོ་མཁན་ཆགས་སྡང་ཡིན་སྐོར། བྱང་ཆུབ་ཀྱི་སེམས་ནི། རང་དོན་དང་གཞན་དོན་གཉིས་ཀར་ཕན་ཚུལ། དེས་སེམས་ལ་ཞི་བདེ་འདྲེན་པ་དང་ལུས་ལ་ཕན་སྐོར། གཞན་ཡང་། བོད་དང་། རྒྱ་ནག་ནང་གི་དད་ལྡན་མི་མང་རྣམས་དབང་གི་དམིགས་འོག་ཏུ་འཇུག་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

༧གོང་ས་མཆོག་གིས་གསུང་དོན། དེ་རིང་རིན་པོ་ཆེ་(ཏཱའི་སི་ཏུ་རིན་པོ་ཆེ་མཆོག)གཙོས་མང་པོ་ཞིག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཞིག་བྱུང་ན་ཞེས་སྐུལ་བ་རེད། གསང་སྔགས་རྡོ་རྗེ་ཐེག་པ་ལ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡོད། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལ་བྱ་རྒྱུད་ལྟར་དུ་སྒྲུབ་ཐབས་དང་། སྤྱོད་རྒྱུད་ལྟར་སྒྲུབ་ཐབས། རྣལ་འབྱོར་རྒྱུད་ལྟར་སྒྲུབ་ཐབས་སོགས་ཡོད་པ་ལས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ནི་བླ་མེད་ལྟར་སྒྲུབ་ཐབས་ཡིན། འདིར་རིན་པོ་ཆེས་གཙོ་བོ་ཐུགས་འདོད་གནང་སྟེ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་འབུལ་རྒྱུ་བྱེད།

སྤྱིར་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་རེད། དེའི་སྒྲུབ་ཐབས་བླ་མེད་ལྟར་སྒྲུབ་དུས་དམིགས་བསལ་ཞིག་ཆགས་ཀྱི་འདུག འཕགས་པ་སྤྱན་རས་གཟིགས་ནི། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས།། ཡོན་ཏན་དམ་པ་ཀུན་བསགས་པ།། སྤྱན་རས་གཟིགས་ཞེས་མཚན་གསོལ་པའི།། རྟག་པར་བརྩེ་ལ་ཕྱག་འཚལ་ལོ།། ཞེས་དང་། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།། སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞེས་ཇི་ལྟར་བསྟོད་པ་ལྟར་འཕགས་པ་སྤྱན་རས་གཟིགས་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཡིན་པས་ཐུགས་བརྩེ་བའི་མ་ཁྱབ་པ་ཡོད་པ་མ་རེད། བྱེ་བྲག་ཏུ་ང་ཚོ་བོད་གངས་ཅན་དུ་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་འཕགས་པ་སྤྱན་རས་གཟིགས་དང་ལས་འབྲེལ་ཐུན་མོང་མ་ཡིན་པ་ཡོད་པ་དེ་ལྟར་རེད། དེ་རིང་འདིར་སྤྱན་རས་གཟིགས་ཀྱི་དབང་དང་། དེའི་ནང་ནས་བླ་མེད་ལྟར་དུ་སྒྲུབ་པའི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་འབུལ་རྒྱུ་རེད། ཞེས་བཀའ་སློབ་སྩལ་རྗེས་འཆར་ཅན་གྱི་འགྲོ་སྟངས་ལྟར་ཤེས་རབ་སྙིང་པོ་གསུང་འདོན་གནང་དགོས་པའི་བཀའ་ཕེབས་ཏེ་ཤེས་སྙིང་གསུང་འདོན་དང་། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྐབས་དེར་༸གོང་ས་མཆོག་གིས་རིན་པོ་ཆེ་ངེད་གཉིས་ངོ་ཤེས་ནས་ཡུན་རིང་པོ་ཡིན། འགྱུར་བ་མེད་པ་དང་། ལྷག་བསམ་རྣམ་དག་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་བ་དང་།

གཞན་ཡང་། ལམ་རིམ་བསྡུས་དོན་ཞུ་མཁན་བྱུང་། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ། ལམ་རིམ་འབྲིང་བ། ཤིན་ཏུ་བསྡུས་པ་ལམ་རིམ་བསྡུས་དོན་གསུམ་གསུངས་པ་རེད། རྗེའི་ལམ་རིམ་ནི་ཇོ་བོ་རྗེའི་མན་ངག་ལྟར་འགྲོ་བཞིན་ཡོད། ཅེས་བཀའ་སློབ་དང་། ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཀའ་དྲིན་སྩལ་བ་དང་འབྲེལ་སླར་ཡང་བཀའ་སློབ་སྩལ་དོན།

ངོས་རང་མུ་མཐུད་བོད་དུ་བསྡད་ཡོད་ཚེ་དེ་ཙམ་འགྲོ་དོན་ཐུབ་ཡོད་པ་མ་རེད། བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་སླེབས་པ་དང་། བར་སྐབས་ངོས་ཀྱིས་ཆབ་སྲིད་ཀྱི་ལས་ཀ་བཞག་པ་ཡིན། ང་ཚོས་སྤྱི་འཐུས་གདམས་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་དང་། སྲིད་སྐྱོང་བསྐོས་ཡོད་པ་རེད། ངོས་རང་གིས་གཙོ་བོ་ཆོས་ཕྱོགས་ཀྱི་ཐོག་ན་སྐད་ཆ་བཤད་ནས་འགྲོ་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་སུའང་ངོས་ཀྱིས་སྐད་ཆ་བཤད་པ་ལ་དོ་སྣང་བྱས་ཏེ་ཉན་སྡོད་མཁན་ཇེ་མང་ལ་འགྲོ་བཞིན་འདུག རྒྱ་མིའི་ནང་དུའང་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་འདུག ཏཱ་ལའི་བླ་མའི་འགྲོ་དོན་ནི་སྐད་ཆ་བཤད་ནས་འགྲོ་བཞིན་ཡོད། གཟུགས་པོ་སླེབས་དགོས་དོན་ཡོད་པ་མ་རེད། དེང་སང་འཛམ་བུ་གླིང་གི་འཕྲུལ་ཆས་ཡག་པོ་ཡོད་པས་ཏཱ་ལའི་བླ་མ་ཨ་མདོ་ལྷ་མོ་དོན་གྲུབ་རྡ་རམ་ས་ལར་ལྷོད་ལྷོད་བསྡད། ངོས་ཀྱི་བསམ་བློ་དང་གཏམ་བཤད་འཛམ་གླིང་གང་སར་འགྲོ་བཞིན་འདུག རྒྱ་ནག་ཏུ་འགྲོ་བཞིན་འདུག་ལ་བོད་གངས་ཅན་གྱི་ལྗོངས་སུའང་འགྲོ་བཞིན་འདུག དེ་རིང་གི་ཐུགས་རྗེ་ཆེན་པོའི་དབང་ཆེན་འདི་ལའང་རྒྱ་ནག་ཏུ་མང་པོ་ཞིག་གིས་དོ་སྣང་བྱས་ཏེ་ཉན་བཞིན་ཡོད་པ་རེད། ངོས་ཀྱིས་དམིགས་འོག་ཏུའང་འཇུག་བཞིན་ཡོད།

བོད་གངས་ཅན་ལྗོངས་ཀྱི་བོད་འབངས་རྣམས་ཀྱིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཧ་ཅང་དད་པ་དང་དགའ་མོས་ཡོད་པ་རེད། དེ་དག་གི་ཁམས་དང་མོས་པའི་ཐོག་ལའང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་འདི་ཧ་ཅང་རན་པོ་འདུག ངོས་ཀྱིས་དམིགས་འོག་ལ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།