20
Sat, Apr

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༢༧་ཉིན། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་༸གོང་ས་མཆོག་གི་གསུང་རྩོམ་བོད་འགྱུར་དཔེ་དེབ་བདུན་དབུ་འབྱེད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༢༧་ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་སྦྱོར་འོག བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་དབྱིན་ཡིག་ནང་ཡོད་པའི་༸རྒྱལ་བའི་གསུང་རྩོམ་དཔེ་དེབ་བདུན་བོད་འགྱུར་བྱས་ནས་དབུ་འབྱེད་གནང་སོང་།

དེ་ཡང་། དཔེ་དེབ་དབུ་འབྱེད་མཛད་སྒོ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་བཅས་གདན་འདྲེན་ཞུས་འདུག

ཐོག་མར། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་དགེ་འདུན་ལགས་ནས་ལས་ཁུངས་དེའི་ངོ་སྤྲོད་གནང་དོན། ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༣ ཚེས་༢༧ ཉིན་བཞུགས་སྒར་གྱི་༸རྒྱལ་བའི་ཕོ་བྲང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་འབྲེལ་གྱི་ལས་འཆར་ཞིག་ལོ་ཙཱ་བ་བསྟན་འཛིན་རིག་བཟང་དང་ངེད་གཉིས་ཀྱིས་སྤྱན་འབུལ་ཞུས་སྐབས། མགོན་པོ་མཆོག་ནས“ངོས་ཀྱིས་འདི་ལ་རྒྱབ་སྐྱོར་མ་བྱས་ན་གང་ལ་བྱེད”ཅེས་དངོས་སུ་གསུངས་པའི་བཀའ་བཟང་གི་བྱིན་རླབས་གནང་བ་བརྒྱུད། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ཞེས་པའི་ཡིག་སྒྱུར་གྱི་ཚོགས་པ་འདི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་དངོས་སུ་གསར་འཛུགས་བྱས་པ་ཡིན། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག ན་གཞོན་ཤེས་ཡོན་པ་བཅུ་ཙམ་ལ་ལོ་གཅིག་དང་ཕྱེད་ཀའི་རིང་ལོ་ཙཱའི་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་དེ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡིག་ཏུ་ལྗགས་རྩོམ་གནང་བའི་ཕྱག་དེབ་རྣམས་རང་རེའི་སྐད་ཡིག་ཏུ་སྒྱུར་རྒྱུ་དང་། ལས་དོན་འདིའི་ཞོར་དུ་ཕྱིའི་མཁས་པའི་རྩོམ་ཡིག་གྲགས་ཅན་དང་། བོད་ཀྱི་བྱིས་པ་ཚོའི་བློ་ཁ་དང་འཚམས་པའི་བྱིས་སྒྲུང་སྣ་མང་ཞིག་བོད་སྒྱུར་བྱ་རྒྱུ་དེ་ཡིན།

ལོ་ཙཱའི་ལས་གཞི་དངོས་ལ་ཞུགས་ནས་ད་ལྟ་བར་དུ་ལོ་ཙཱ་བ་རྣམ་པས་འབད་འབུངས་ཀྱིས་གསུང་རྩོམ་པོད་བཞི་བཅུ་ཞེ་དྲུག་བོད་བསྒྱུར་ཞུས་ཟིན་ཡོད། དེ་དག་ལས་པོད་ཉི་ཤུར་ཞུས་དག་དང་དེབ་གཟུགས་ཇུས་འགོད་ཀྱང་ལེགས་པར་གྲུབ་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཕུལ་ཟིན་པས། དེ་ལས་པོད་བདུན་འདབ་གཤོག་གཉིས་ལྡན་གྱི་དགེ་བཤེས་ལྷག་རྡོར། དགེ་བཤེས་དགྲ་འདུལ། དགེ་བཤེས་ངག་དབང་བསོད་ནམས། སྐུ་ངོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་བཅས་ཀྱིས་མ་དཔེ་དང་གཤིབ་བསྡུར་གྱིས་དག་བཅོས་གནང་གྲུབ་སྟེ། ཏཱ་ལའི་བླ་མའི་དགེ་རྩས་དཔར་བསྐྲུན་བྱས་ནས་དེ་རིང་དབུ་འབྱེད་བྱེད་ཐུབ་པ་བྱུང་བ་འདི་ནི་བོད་མི་རིགས་ལ་མཚོན་ན་གྲུབ་འབྲས་ཆེན་པོ་ཞིག་དང་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱས་ཡོད། ཅེས་བརྗོད་སོང་།

དེ་ནས་གདན་ཞུ་སྐུ་མགྲོན་རྣམ་པས་བོད་འགྱུར་གསུང་རྩོམ་དཔེ་དེབ་བདུན་དབུ་འབྱེད་གནང་སོང་། དེ་དག་ནི། གུ་ཡངས་ཀྱི་བསམ་བློ། ཁོང་ཁྲོ་བཅོས་ཐབས། འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་འཆི་བའི་སྐབས་ཀྱི་ཞི་བདེ། འཚོ་བའི་དོན་སྙིང་འཚོལ་བ། ཤེས་རབ་སྙིང་པོའི་བཀའ་ཁྲིད། ལམ་གསལ་སྒྲོན་མེ། སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ། བཅས་རེད་འདུག

དེའི་རྗེས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་དབྱིན་ཡིག་ནང་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་བོད་འགྱུར་གྱི་གལ་གནད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཚོས་གསུང་རྩོམ་འདི་ཉིད་ལྟ་ཀློག་དང་སློབ་སྦྱོང་བྱེད་ཕྱོགས་ཀྱི་སྐོར་ནས་གསུང་བཤད་གནང་སོང་། དེ་བཞིན། ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ནས་དབྱིན་ཡིག་ནང་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་བོད་འགྱུར་དང་གཞིས་ལུས་བོད་མི་ཚོའི་སེམས་ཁོང་གི་རེ་བའི་དབར་གྱི་འབྲེལ་བའི་སྐོར་ནས་གསུང་བཤད་གནང་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། དབྱིན་ཡིག་ནང་དུ་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་བོད་འགྱུར་གྱི་གལ་གནད་དང་། དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་གཙོས་པའི་བོད་རིགས་སློབ་མ་ཡོངས་ཀྱིས་ཁོང་གི་གསུང་རྩོམ་རྣམས་ལ་ལྟ་ཀློག་དང་སློབ་སྦྱོང་བྱེད་ཚུལ་གྱི་སྐོར་ནས་གསུང་བཤད་གནང་དོན། དེང་སང་འཛམ་གླིང་ནང་༧སྐྱབས་མགོན་རིན་པོ་ཆེའི་མཚན་མ་ཐོས་མཁན་མེད་པའི་གནས་སྟངས་འདྲ་པོ་ཆགས་བསྡད་དུས། གསུང་དེ་རིན་ཐང་ཆེན་པོ་ཞིག་ཆགས་འགྲོ་ཡི་རེད་ལ། འགྲོ་བ་སྤྱི་ལ་ཕན་ཐོགས་ཐུབ་པ་དང་། བྱེ་བྲག་ཏུ་སྒེར་སོ་སོའི་མི་ཚེའི་འཚོ་བ་བསྐྱལ་རྒྱུར་ཡང་ཕན་ཐོགས་ཐུབ་པ་སོགས་ཞེ་དྲག་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ལས་གཞི་དེ་རྒྱ་སྐྱེད་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན། ༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ། གཙོ་བོ་གཞི་རིམ་མིའི་བདེ་སྐྱིད་གོང་སྤེལ་གཏོང་ཐབས་སྐོར་ལ་རེད། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཟེར་བ་ལྟར་གང་ལ་གང་དགོས་པ་དེ་གནང་ཐུབ་པ་དེ་གསུང་གི་ཁྱད་ཆོས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་གཞི་རིམ་མིའི་བདེ་སྐྱིད་གོང་སྤེལ་གཏོང་ཐུབ་དགོས་པ། ལྷག་པར་དུ་ནང་པ་ཞིག་ཡིན་ན། བྱམས་པ་དང་། སྙིང་རྗེ་སྒོམ་པའི་ཐོག་ནས་སོ་སོའི་ཉོན་མོངས་དུག་གསུམ་མར་མགོ་གནོན་བྱེད་ཐུབ་དགོས་པ། ཉོན་མོངས་དེ་རྩ་བ་ནས་སྤོང་བར་བྱེད་པར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་དེའི་ཐོག་ནས་འགྲོ་དགོས་པ། ཚད་མ་རྣམ་འགྲེལ་ནང་གསུངས་པ་ལྟར། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་བྱམས་པ་དང་སྙིང་རྗེ་ཙམ་ཉོན་མོངས་སྐྱེད་བྱེད་ཀྱི་རྒྱུ་མ་རིག་པའི་དངོས་གཉེན་བྱེད་ཐུབ་ཀྱི་མ་རེད། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། ། ཉོན་མོངས་དེ་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཐོག་ནས་སྤང་དགོས་ཀྱི་རེད། དེ་འདྲའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེའི་གསུང་ལ་ཁྱད་ཆོས་ཆེན་པོ་ཞེ་དྲག་ཡོད་རེད། གོ་བདེ་པོ་དང་། འཇུག་བདེ་པོ། བློ་ལ་འཆར་བདེ་པོ། དེ་ཡན་དུས། ༧སྐྱབས་མགོན་རིན་པོ་ཆེའི་གསུང་གི་ཁྱད་ཆོས་ཆེ་བ་དེ་ཚོའི་གྲས་སྤྱི་ཚོགས་ནང་ངོ་སྤྲོད་ཀྱི་ལས་རིམ་འདྲ་པོ་བཟོ་ཐུབ་ན་རང་བཞིན་གྱི་དེབ་བཀླག་རྒྱུ་དང་། དེབ་དེ་ལ་འདུན་པ་སླེབས་རྒྱུར་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག རྣམ་པ་ཚོ་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མཐའ་མར། སྲིད་སྐྱོང་མཆོག་གིས་དབྱིན་ཡིག་ནང་དུ་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་བོད་འགྱུར་གྱི་གལ་གནད་དང་། གསུང་རྩོམ་དེ་ཉིད་དང་འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གཞུང་བདག་སྐྱོང་བྱེད་ཕྱོགས་ཀྱི་འབྲེལ་བའི་སྐོར་ནས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་གསུང་ཆོས་གནང་གི་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སྐད་དང་ཨིན་སྐད་ཐོག་གསུང་ཆོས་གནང་སྐབས་ཁྱད་པར་ཡོད། མ་འོངས་པར་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཨིན་ཡིག་ཐོག་གསུངས་པའི་བཀའ་སློབ་རྣམས་ཕྱོགས་སྒྲིག་གནང་ཐུབ་པ་ཡིན་ན་དེས་བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་ཡིག་དང་ཨིན་ཡིག་གཉིས་ཀ་ཡར་རྒྱས་གཏོང་བར་བོད་ཡིག་དང་ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་མཚུངས་བསྡུར་བྱས་ནས་ལྟ་ཀློག་བྱེད་པ་ཡིན་ན་ཏན་ཏན་ཕན་ཐོགས་ཆེ་བ་ཡོང་གི་རེད། གཙོ་བོ་དཔེ་དེབ་བཀླགས་ནས་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།