03
Mon, Oct

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༡༢་ཉིན། བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་གིས་མོག་གྷན་ནས་རྡ་ཤོལ་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་གནང་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༡༢་ཉིན། རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མོག་གྷན་ (Mcleod Ganj)་ནས་རྡ་ཤོལ་ཀ་ཅ་རི་(Kacheri) བར་དུ། ཞི་བའི་གོམ་བགྲོད་གནང་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ཐེངས་༦༣་པ་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༩:༣༠ ཐོག བཞུགས་སྒར་རྡ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་རླུང་འཁོར་བཞག་ཡུལ་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་མཛད་སྒོ་ཞིག་ཚོགས་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ཐེངས་༦༣་པ་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ་མཆོག་དང་། ས་གནས་བདེ་དོན་གྱི་འགན་འཛིན་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་གཞུང་འབྲེལ་མིན་ཚོགས་པ་ཁག་གི་སྐུ་ཚབ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་དང་འབྲེལ་སྐོར་བསྒྲགས་གཏམ་ཀློག་དོན། དེ་རིང་གི་ཉིན་མོ་ནི་༡༩༥༩་ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་རྗེས་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་། ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས་ཕྱི་ལོ་༡༩༥༩ཟླ་༣་ཚེས་༡༢ཉིན་སྙིང་སྟབས་ཞུམ་མེད་ཀྱི་ཐོག་ནས་རྒྱལ་བསྟན་ཆབ་སྲིད་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་སྟེང་དུ་དཔའ་མོ་དམ་པ་ཀུན་བཟང་གཙོས་པའི་བུད་མེད་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་སར་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། སྐབས་དེ་དུས་ལས་འགུལ་ནང་བུད་མེད་བརྒྱ་ཕྲག་ལྷག་ཙམ་སྐུ་སྲོག་ཤོར་ཡོད་པ་དང་། འགོ་ཁྲིད་བུད་མེད་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ། མཐར་ཕྱི་ལོ་༡༩༧༠་ལོར་དཔའ་མོ་ཀུན་བཟང་དང་། དཔའ་མོ་གསང་བསྔགས་ཆོས་སྒྲོན། དཔའ་མོ་རྟ་མཆོག་བུ་འཁྲིད། གཞན་དཔའ་མོ་བཞི་བཅས་ལྷ་ས་གྲྭ་བཞིའི་བཙོན་ཁང་གི་བྱང་ངོས་བཙོན་ཁང་དུ་རྒྱ་དམར་གྱིས་མེ་མདའ་འཕངས་ནས་དམར་གསོད་བཏང་རྗེས་དབུགས་ཀྱི་རྒྱུ་བ་མ་ཆད་གོང་ནས་ས་དོང་ནང་གསོན་སྦས་བཏང་བའི་ཡིད་སྐྱོའི་བྱུང་རིམ་རྣམས་རྡོ་བཀོད་རི་མོ་བཞིན་ལོ་རྒྱུས་ཀྱི་ཐོག་འཁོད་ཡོད།

ཕྱི་ལོ་༡༩༥༩ལོར་ཟླ་༣་ཚེས་༡༢ཉིན་བུད་མེད་སྒེར་ལངས་བྱས་ཏེ་ད་བར་ལོ་ངོ་༦༣་ཧྲིལ་པོ་འཁོར་གྱི་ཡོད། སྒེར་ལངས་ཉིན་མོ་དེ་ནས་བཟུང་སྟེ་ལོ་ལྟར་བཙན་བྱོལ་དུ་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འགན་འཁུར་ཐོག་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་ཉིན་མོ་ཞིག་ཡིན། དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་བྱེད་རུང་བ་ཞིག་གཏན་ནས་མིན། དེ་རིང་གོ་སྐབས་འདི་བརྒྱུད་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་འདུད་ཐོག་ཡིད་རང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དུས་ད་ལྟའང་རྒྱ་དམར་གཞུང་གི་དམ་དྲག་གི་འོག་དཀའ་སྡུག་མྱོང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

རྒྱ་དམར་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་བཙན་གནོན་ཐོག་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བསྟར་དང་བསྟར་མུས་ཡིན་པ་དང་། བོད་ནང་འགྲོ་བ་མའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་དང་རིག་གཞུང་གི་རང་དབང་། འཁོར་ཡུག་དང་བཅས་པའི་གནས་སྟངས་ཉིན་རེ་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་མི་གྲངས་༡༥༨་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་གྱི་འཐབ་རྩོད་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཡོད། བོད་ནང་གི་བོད་མི་ལ་རྒྱ་ནག་དམར་གཞུང་གིས་བཙོན་གནོན་དང་དམ་དྲག་ཆེ་བའི་འོག་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་འོག་གནས་ཡོད། ལྷག་པར་དུ་བོད་མའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱས་ཚེ་འཇུ་བཟུང་བྱེད་པ། ལྷག་པར་དུ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣང་མང་པོ་ཞིག་དོན་མེད་འཇུ་བཟུང་བྱེད་པ། གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད། དམིགས་གསལ་གྱི་བོད་མི་རིགས་རྩ་མེད་བཟོ་ཆེད་བོད་མིའི་ངོ་བོ་མཚོན་བྱེད་ཆོས་དང་རིགས་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་རྒྱུན་ཆད་མེད་པར་ལག་ལེན་བྱེད་པ་དང་། བུད་མེད་བྲུ་མ་ཅན་ལ་སྐྱེད་སྒོ་བཀག་པ། བཙུན་དགོན་སྒོ་རྒྱག་པ་དང་བཙུན་མ་རྣམས་རང་དབང་མེད་པར་སྐྱ་བབས་བཅུག་པ། ཉེས་མེད་བཙོན་པ་རྣམས་ལ་ཚད་ལས་འདས་པའི་མནར་གཅོད་གཏོང་བ། བཙོན་ནས་གློད་གྲོལ་ཐོབ་ཀྱང་མུ་མཐུད་ནས་སོ་ལྟ་བྱེད་པ།

ཕྱི་ལོ་༡༩༥༩ཟླ་༣ཚེས་༡༢ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་ང་ཚོའི་མི་རབས་ནས་མི་རབས་བར་བོད་དོན་འཐབ་རྩོད་ཐད་མུ་མཐུད་དེ་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་ཞིག་ཀྱང་ཆགས་ཀྱི་ཡོད། བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༣་དུས་དྲན་གྱི་ཉིན་མོར། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། གྲོས་ཚོགས་མཐུན་མི་རྣསམ་པ། རྒྱལ་སྤྱི་དབུ་ཁྲིད་རྣམ་པ། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་འཁོད་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

༡༽  ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོལ་མོལ་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

༢༽  གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་པའི་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

༣༽  བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་དགོས་པའི་རྒྱ་ནག་ལ་གནོན་ཤུགས་གནང་ཡོང་བའི་འབོད་སྐུལ་ཞུ། ཞེས་བརྗོད་སོང་།

དེ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་གིས་མོག་གྷན་ (Mcleod Ganj)་ནས་རྡ་ཤོལ་ཀ་ཅ་རི་(Kacheri) བར་དུ། ཞི་བའི་གོམ་བགྲོད་གནང་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ཐེངས་༦༣་པ་སྲུང་བརྩི་ཞུས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།