27
Fri, May

རྡ་སར་བོད་རང་བཙན་ཉིན་མོ་ཐེངས་༡༠༩་པ་སྲུང་བརྩི་ཞུ་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གཏམ་བཤད་བྱེད་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ལོའི་ཟླ་༢་ཚེས༡༣་ཉིན། བཞུགས་སྒར་རྡ་སར་བོད་མི་ཚོས་༧རྒྱལ་བ་སྐུ་ཕྲེང་༡༣་པས་བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་ངོ་༡༠༩ འཁོར་བའི་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་དང་དེའི་ལོ་རྒྱུས་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠:༣༠་ཐོག རྡ་སའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། བོད་རང་བཙན་འཐབ་རྩོད་པ་དང་ལས་འགུལ་བ་ལྷག་བཟང་ཚེ་རིང་ལགས་དང་། བསྟན་འཛིན་བརྩོན་འགྲུས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་སོགས་རྡ་ས་གཡས་གཡོན་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་ལྔ་བཅུ་ཡས་མས་ཞིག་མཉམ་ཞུགས་བྱས་འདུག

དང་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་བཏང་གནང་སོང་། དེ་ནས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་དང་དེའི་ལོ་རྒྱུས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་སོང་། ཁོང་གིས་བོད་ནི་རྒྱལ་ཁབ་གཞན་དང་འདྲ་བ་རྒྱལ་ཁབ་གཅིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་ཡོད་པ་མ་ཟད། བོད་རང་བཙན་གཙང་མ་ཡིན་པའི་དཔང་རྟགས་ཀྱང་ཆ་ཚང་ཡོད་སྐོར་དང་༸རྒྱལ་བ་༸སྐུ་ཕྲེངབཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་སྐོར་སོགས་ཀྱི་གཏམ་བཤད་དང་།

དེ་བཞིན་ཁོང་གིས་རྒྱ་རིགས་ལོ་རྒྱུས་སྨྲ་བ་ལིའུ་ཧན་ཁྲིན་གྱིས་བརྩམས་པའི་ཞིབ་འཇུག་ཆེད་དེབ་༼  བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན།༽ ཞེས་པའི་ནང་དུ་བོད་ནི་རྒྱའི་ཁོངས་སུ་ནམ་ཡང་མིན་པ་ར་སྤྲོད་བྱས་ཡོད་པའི་སྐོར་ནས་བརྗོད་དོན། ལིའུ་ཧན་ཁྲིན་གྱིས་རྒྱ་ནག་གི་གཞུང་ཕྱོགས་ཡིག་ཆ། རྒྱ་ནག་ཏུ་ཡོངས་གྲགས་ཁུངས་བཙན་ཡིག་ཚང་ཁོ་ན་བེད་སྤྱོད་ཀྱིས་བོད་རྒྱའི་འབྲེལ་བ་སྐོར་བྲིས་ཡོད་པ་དང་། རྒྱ་ནག་གི་མིང་རྒྱལ་རབས་དང་ཆིང་རྒྱལ་སྐབས་བོད་རྒྱའི་འབྲེལ་བ་ཞིབ་འཇུག་བྱས་ནས་ཞིབ་འཇུག་གི་བསྡོམས་ནི།

༡༽  མིང་རྒྱལ་རབས་གཞུང་དམངས་གཉིས་ཀྱིས་བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པ་ཡིག་ཚང་གཅིག་གི་ནང་དུ་ཡང་བྲིས་མེད་པ་མ་ཟད། བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པ་བསམ་བློ་ནང་དྲན་མྱངས་མེད། བོད་ནི་རྒྱ་ནག་གི་མིང་རྒྱལ་རབས་སྐབས་སུ་རང་བཙན་རྒྱལ་ཁབ་ཞིག་ཡིན། བོད་ནི་མིང་རྒྱལ་རབས་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་ནི་རྒྱ་ནག་དམར་པོ་གཞུང་གིས་ལོག་འགྲེལ་བྱས་པ་ཁོ་ན་ཡིན། ལྷག་པར་དུ་རྒྱའི་ཡིག་ཚང་ནང་གི་རྟེན་འབུལ། ཆོ་ལོ་སྩལ་བ་སོགས་ལ་ཞིབ་འཇུག་ཐར་ཕྱིན་པ་བྱས་ཏེ། དེང་སྐབས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་ལོག་འགྲེལ་ལོག་སྨྲ་ཚར་བཅད་ཡོད། ཅེས་དང་།

༢༽  ཆིང་རྒྱལ་རབས་སྐབས་ནི། ཆིང་སྲིད་གཞུང་གི་སྒྲིག་གཞི་དང་ལོ་རྒྱུས་དོན་རྐྱེན་གཉིས་སུ་དབྱེ་ནས་ཞིབ་འཇུག་བྱས་ཡོད་པ་དང་། ཆིང་སྲིད་གཞུང་གི་སྒྲིག་གཞི་དང་ལོ་རྒྱུས་དོན་རྐྱེན་རིམ་བྱུང་ལས་བོད་ནི་མན་ཇུ་ཆིང་གི་ཆ་ཤས་མ་ཡིན་པ་དང་། མན་ཇུ་ཆིང་ལ་བོད་ཀྱི་བདག་དབང་ཟེར་བ་སྤུ་ཙམ་ཡང་མེད་པ། དེ་བཞིན་ལོ་རྒྱུས་དོན་རྐྱེན་ལས་ཆིང་དང་དབྱིན་ཇི་ཁྱི་སྤྱང་ངན་སྦྲེལ་གྱིས་བོད་ལ་བཙན་འཛུལ་དང་བོད་ཀྱི་ཁེ་ཕན་བཙོང་པ། བོད་ལ་གནོན་ཤུགས་སྤྲད་པ་སོགས། མན་ཇུ་སྲིད་གཞུང་གིས་བོད་ནི་དབྱིན་ཇིས་རྒྱ་གར་ལ་ལག་བསྟར་བྱས་བའི་མི་སེར་སྤེལ་ཡུལ་ལྟར་བསྒྱུར་འདོད་ཧམ་སེམས་ཡོད་ཀྱང་ལེགས་འགྲུབ་བྱུང་མེད་པ། དེ་བཞིན་ཞིབ་འཇུག་གི་བརྗོད་གཞི་ནི་བོད་སྡོད་ཨམ་བན། དཔྱ་ཁྲལ། མི་འབོར། སྦྲགས། དངུལ་ལོ། རྟེན་འབུལ། ལེ་ཧྥེན་ཡན། གསེར་བུམ་དང་ཡང་སྲིད་སྐོར་བཅས་ལ་ཞིབ་འཇུག་བྱས་ཏེ། བོད་ནི་མན་ཇུ་ཆིང་གི་ཆ་ཤས་མ་ཡིན་པར་བོད་ནི་རང་བཙན་རྒྱལ་ཁབ་ཞིག་ཡིན་པའི་བསྡོམས་བཞག་ཡོད། ཅེས་དང་།

དེ་བཞིན་ལུང་འདྲེན་ཁུངས་བསྐྱལ་གྱི་ཡིག་ཆ་ཡོངས་རྫོགས་ནི་རྒྱ་ནག་གིས་ཡོངས་གྲགས་སུ་པར་སྐྲུན་བྱས་པ། དེ་རིང་འཛམ་གླིང་གི་དཔེ་མཛོད་ཁང་མང་པོ་དང་དྲ་ཐོག་ནས་འཚོལ་ཞིབ་བྱེད་ཐུབ་པའི་རྒྱ་ནག་གི་གཞུང་ཡིག་དང་། སྐབས་སོ་སོའི་གོང་མའི་བཀའ་ཡིག དེ་བཞིན་བོད་སྡོད་ཨན་བན་སོགས་ས་གནས་དཔོན་རིགས་ཀྱི་སྙན་ཞུ། གཞན་མིང་དང་ཆིང་དུས་སྐབས་ཀྱི་གོང་མས་བཀའ་དང་མཛུབ་སྟོན་འོག་བྲིས་པའི་བཀའ་བཀོད་ལོ་རྒྱུས། གཞུང་གིས་བྲིས་པའི་ལོ་རྒྱུས། དེ་བཞིན་ཤེས་ཡོན་ཅན་གྱིས་བྲིས་པའི་ལོ་རྒྱུས་སོགས་ཡིན། ༡༩༤༩ལོ་སྔོན་ལ་པར་སྐྲུན་བྱས་ཟིན་པ། དེ་བཞིན་ཡིག་ཆ་གང་ལུང་འདྲེན་བྱས་པ་ཡོངས་གྲགས་སུ་ཁས་ལེན་པ། རྩོད་གཞི་ཅན་མིན་པ། རྩོམ་པ་པོ་གསལ་བ། པར་སྐྲུན་ལོ་དུས་གསལ་བ། རྩོམ་པ་པོའི་ཤེས་ཡོན་གནས་ཚུལ་དང་གོ་གནས་གསལ་བ། ལྷག་པར་དུ་རྒྱ་ནག་དམར་པོ་གཞུང་གིས་ཀྱང་ཁས་ལེན་པའི་གནའ་བོའི་ཡིག་ཚང་ཁོ་ན་ཡིན། བོད་དང་ཕྱི་གླིང་གི་ཡིག་ཆ་ཟུར་ལྟ་བྱེད་ཆེད་ཙམ་ལས་དབང་རྟགས་སུ་བེད་སྤྱོད་བྱས་མེད་པར་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་མན་ཇུ་གཞུང་གི་བོད་ཀྱི་ལས་དོན་བྱེད་ཕྱོགས་ཟེར་བ་དང་སྒྲིག་ཡིག་དོན་ཚན་༢༩ཟེར་བ་ལ་ཞིབ་འཇུག་ཐར་ཕྱིན་བྱས་ཏེ། ལས་དོན་བྱེད་ཕྱོགས་ཟེར་བ་ཁྲིམས་མ་ཡིན་པ་དང་། སྒྲིག་ཡིག་དོན་ཚན་༢༩་ཟེར་བ་རྒྱ་དམར་གཞུང་གིས་གསར་བཟོས་བྱས་པ་ཁུངས་བསྐྱལ་ར་སྤྲོད་བྱུང་ཡོད། ཅེས་བརྗོད་སོང་། དོན་ཚན་༢༩ནི་རྒྱ་ནག་དམར་གཞུང་གིས་རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཆ་ཁུངས་གཏུགས་ས་ཡིན།

གཞན་དེབ་འདིས་བོད་དང་རྒྱ་ནག་གི་འབྲེལ་བ་དངོས་ཁུངས་བསྐྱལ་ར་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་ནག་དམར་པོ་གཞུང་གིས་རྒྱའི་ཡིག་ཚང་རྙིང་པ་དག་གི་བརྗོད་བྱ་ཇི་ལྟར་བཟོ་བཅོས། ལོག་འགྲེལ། བཀབ་གསང་བྱས་ཡོད་པ་སོགས་ཐེར་འདོན་བྱས་ཡོད། དཔེར་ན་ཡ་ཧན་ཀྲང་ཟེར་བས་བོད་ཀྱི་ཞིང་བྲན་ཟེར་བའི་སྐོར། དེ་བཞིན་ཡང་སྲིད་ངོས་འཛིན་སྐོར་སོགས་རྫུན་བཟོ་བྱས་པ་ཐེར་འདོན་བྱས་ཡོད་འདུག ཅེས་བརྗོད་སོང་།

༼  བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན།༽  ཞེས་པའི་དེབ་འདི་ལརྒྱ་ཡིག་ནང་དུ་ཤོག་གྲངས་༨༣༠ཡོད་འདུག རྩོམ་པ་པོས་ད་ལྟ་དེབ་འདི་དབྱིན་ཡིག་ནང་དུ་བསྒྱུར་བཞིན་པ་དང་། དབྱིན་འགྱུར་ཡང་ད་ལོ་པར་སྐྲུན་བྱེད་པའི་འཆར་གཞི་ཡོད་འདུག དེ་བཞིན་བོད་འགྱུར་ནང་དུའང་མགྱོགས་པོ་པར་སྐྲུན་བྱེད་འཆར་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།