26
Tue, Oct

རྒྱ་རི་སྒྲོལ་མ་ལགས། ནོར་འཛིན་སྒྲོལ་མ་ལགས། ལྕང་ར་ཐར་ལམ་སྒྲོལ་མ་ལགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༡༡ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་དོན་ཚན་༢༢ པའི་དགོངས་དོན་ལྟར། རང་གི་བཀའ་ཤག་ལྷན་ཚོགས་སུ་བསྐོ་གཞག་ཞུ་རྒྱུའི་བཀའ་བློན་འོས་དམིགས་རྣམས་ཀྱི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་རྗེས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་ནོར་འཛིན་སྒྲོལ་མ་ལགས་ལ་འོས་༢༧་དང་། ལྕང་ར་ཐར་ལམ་སྒྲོལ་མ་ལགས་ལ་འོས་༢༧། རྒྱ་རི་སྒྲོལ་མ་ལགས་ལ་འོས་༣༠་བཅས་སྤྱི་འཐུས་ངོ་ཡོད་བརྒྱ་ཆ་ལྔ་བཅུ་ཡན་གྱིས་རྒྱབ་སྐྱོར་ཐོབ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་བློན་དུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣:༡༥ཐོག སྤྱི་འཐུས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཅའ་ཁྲིམས་དོན་ཚན་༢༢ པའི་དགོངས་དོན་ལྟར། རང་གི་བཀའ་ཤག་ལྷན་ཚོགས་སུ་བསྐོ་གཞག་ཞུ་རྒྱུའི་བཀའ་བློན་འོས་དམིགས་ནོར་འཛིན་སྒྲོལ་མ་ལགས་དང་། ལྕང་ར་ཐར་ལམ་སྒྲོལ་མ་ལགས། རྒྱ་རི་སྒྲོལ་མ་ལགས། ཐུབ་བསྟན་ལུང་རིགས་ལགས། ཚུལ་ཁྲིམས་རྡོ་རྗེ་ལགས། དངོས་གྲུབ་རྡོ་རྗེ་ལགས་བཅས་ཀྱི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་རྗེས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ནོར་འཛིན་སྒྲོལ་མ་ལགས་དང་། ལྕང་ར་ཐར་ལམ་སྒྲོལ་མ་ལགས། རྒྱ་རི་སྒྲོལ་མ་ལགས་བཅས་ལ་སྤྱི་འཐུས་ངོ་ཡོད་བརྒྱ་ཆ་ལྔ་བཅུ་ཡན་གྱིས་རྒྱབ་སྐྱོར་ཐོབ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་བློན་དུ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

ནོར་འཛིན་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༧༥ ཟླ་ ༡༡ ཚེས་ ༢༨ ཉིན་འཁྲུངས་ཤིང་། ཀོ་ལི་གྷལ་དང་སིམ་ལ་བོད་གཞུང་གཏན་སློབ་གཉིས་ནས་གཞི་རིམ་སློབ་སྦྱོང་ཕྱི་ལོ་ ༡༩༩༣ ལོར་ཐོན། ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་རྒྱ་གར་ལྷོ་ཕྱོགས་ཊེ་རེ་ཤི་ཡན་ (Teresian) མཐོ་སློབ་ནས་ཨིན་ཡིག་རྩོམ་རིག་དང་། སྤྱི་ཚོགས་རིག་པ། ལོ་རྒྱུས་རིག་པའི་ཐོག་ཉེ་བའི་རབ་འབྱམས་པ་ (BA) དང་། ཕྱི་ལོ་ ༡༩༩༦ ནས་ ༡༩༩༨ བར་མའེ་སོར་སློབ་གྲྭ་ཆེན་མོ་ནས་ཨིན་ཡིག་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པ་ (MA) ཐོན། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་འོག་སྦོ་སི་ཊོན་ཊཕ་སི་ (Tufts University, Boston) སློབ་གྲྭ་ཆེན་མོའི་ཧྥེ་ལེ་ཅར་ (Fletcher) སློབ་གཉེར་ཁང་དང་། ཧར་ཝཌ་སློབ་གྲྭ་ཆེན་མོ་མཉམ་འགྲིམས་བརྒྱུད་ ༡། རྒྱལ་སྤྱིའི་སྒྲིག་འཛུགས་དང་། ༢། རྒྱལ་སྤྱིའི་ཞི་མོལ་དང་འདུམ་འགྲིག་ཐོག་ཆེད་ལས་ཁྲིམས་དང་རྒྱལ་འབྲེལ་རིག་པའི་གཙུག་ལག་རབ་འབྱམས་པ་ (MALD) ཐོན། ཕྱི་ལོ་ ༢༠༡༢ ལོར་མའེ་སོར་སློབ་གྲྭ་ཆེན་མོ་ནས་དཔེ་མཛོད་དང་ཡིག་ཚགས་རིག་པའི་ཐོག་ཉེ་བའི་རབ་འབྱམས་པ་ (BLISc) ཡང་ཐོན།

སློབ་གྲྭའི་འཛིན་རིམ་ནར་མར་ཤེས་ཡོན་རྩེ་ཕུད་ཀྱི་གསོལ་རས་ཆད་མེད་དང་། མའེ་སོར་ཨཡིངྒར་བྱ་དགའ་ (All Mysore Iyengar Memorial Award) དང་། མ་དྷར་ཡུ་ཕ་རེ་ཤི་ཡའི་བྱ་དགའ་ (Mother Euphrasia Award) ཊའོ་རོ་མེ་མོ་རི་ཡལ་བྱ་དགའ་ (Tauro Memorial Award) སོགས་ཐོབ་ཡོད།

ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ བར་རྡ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་། ལས་འཆར་ལས་འཛིན། ལག་བསྟར་འགན་འཛིན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་གནང་། དེ་བཞིན་ཨ་རིར་སློབ་སྦྱོང་ཐོན་རྗེས་རྒྱ་གར་དུ་ཕྱིར་ལོག་གིས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༡ བར་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཁུར་གནང་། ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཨ་རི་བོད་ཀྱི་ཐེབས་རྩར་དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་ལས་འཆར་བའི་འགན་འཁུར་ཡང་གནང་ཡོད།

སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ ༥༩ པ་དང་། ཚོགས་ཆེན་ ༦༡ པ། མུམ་བྷེ་རྒྱལ་སྤྱིའི་སྤྱི་ཚོགས་ཚོགས་ཆེན། ཐའེ་ལནཌ་མཉམ་འབྲེལ་རྒྱལ་ཚོགས་དང་སྤྱི་མང་སྒྲིག་འཛུགས་དབར་འབྲེལ་ལམ་ཚོགས་ཆེན། ཨིན་ཌོ་ནེ་ཤི་ཡ་དང་ལྷོ་ཨ་ཕི་རི་ཀར་འཛམ་གླིང་སྲོལ་མཐུན་འཛུགས་སྐྲུན་ཚོགས་ཆེན་སོགས་སུ་བོད་དོན་གཏམ་བཤད་སྤེལ་ཡོད།

ཁོང་ནས་ << ཕྱི་ལོ་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ། བྱུང་རིམ་དང་དཔྱད་ཞིབ། >> དང་། << སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ཁྲིམས་ཆད། >> << གསེར་རྟ་བླ་རུང་སྒར་གཏོར་བཤིག །>> << ལོ་ངོ་ ༢༥ དམིགས་བསལ་སྙན་ཐོ། >> <<་བལ་ཡུལ་ས་འགུལ་གོད་ཆག་དང་འདུས་སྡེ་འཛུགས་སྐྲུན་སླར་གསོ།>> སོགས་ཨིན་ཡིག་ནང་ཕྱག་དེབ་དང་། སྙན་ཐོ་རྩོམ་འབྲི་གནང་ཡོད།

ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༥༡ ཟླ་ ༠༩ ཚེས་ ༠༡ ཉིན་འཁྲུངས་ཤིང་། སྒང་ཏོག་དང་སྦེལ་ཀོབ། མའེ་སོར་ (Nirmala Convent) བུ་མོའི་སློབ་གྲྭ་བཅས་ནས་གཞི་རིམ་སློབ་སྦྱོང་གནང་། མའེ་སོར་བུ་མོའི་མཐོ་སློབ་ (Teresian College) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A) དང་། མའེ་སོར་གཙུག་ལག་སློབ་ཁང་ཆེན་མོ་ནས་ཕྱི་ལོ་ ༡༩༧༥ ལོར་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པ་ (M.A) ཐོན། མའེ་སོར་ (St. Joseph) ཞེས་པའི་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ (B.Ed.) ལེགས་ཐོན་གནང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཐོག་མར་དམའ་རིམ་དང་། དེ་ནས་མཐོ་རིམ་དགེ་རྒན་ལོ་ངོ་ ༡༤ ལྷག་རིང་གནང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༤ བར་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་དང་། ཕྱི་ལོ་ ༡༩༩༤ ནས་ ༢༠༠༣ བར་དང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་སྦེལ་ཀོབ་ཉིན་སློབ་ཀྱི་སློབ་སྤྱི། ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་བདེ་སླར་སློབ་གྲྭའི་སློབ་སྤྱི། ཕྱི་ལོ་ ༢༠༠༣ ནས་ ༢༠༠༥ བར་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་བཅས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་མི་ལོ་ ༣༧ ལྷག་དགེ་རྒན་དང་། སློབ་སྤྱིའི་ཞབས་ཞུ་གནང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣༠ ཉིན་རྒས་ཡོལ་ཐོན། སྦེལ་ཀོབ་བུད་མེད་ཚོགས་པའི་རྒྱུན་ལས་དང་། (Dalhousie Public School) དང་། (Hill Top School) ཞེས་པའི་སློབ་གྲྭ་གཉིས་ཀྱི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་གནང་ཡོད། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་བསྟོད་གྲགས་ཅན་ (National Award for Teachers) ཞེས་པ་རྒྱ་གར་སྲིད་འཛིན་མཁས་དབང་ཨབ་དུལ་ཀ་ལམ་ (A.P.J. Abdul Kalam) མཆོག་གི་ཕྱག་ནས་ཞུ་རྒྱུའི་གོ་སྐབས་བྱུང་འདུག

ཕྱི་ལོ་ ༢༠༡༡ ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལས་འཁུར་ཞུ་མུས་ཡིན་པ་དང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་འཁུར་གནང་མུས་ཡིན།

རྒྱ་རི་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༦༤ ཟླ་ ༥ ཚེས་ ༢༥ ཉིན་འཁྲུངས་ཤིང་། རྡོར་གླིང་ཡབ་གཞིས་སློབ་གྲྭ་དང་། རྡོར་གླིང་བོད་གཞུང་གཏན་སློབ་འགྲིམས་ནས་ཕྱི་ལོ་ ༡༩༨༡ ལོར་གཞི་རིམ་སློབ་མཐར་སོན། ཕྱི་ལོ་ ༡༩༨༡ ནས་ ༡༩༨༥ བར་པན་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A) དང་། ཕྱི་ལོ་ ༡༩༨༥ ནས་ ༡༩༨༨ བར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་གྲགས་ཅན་ཁྲིམས་ལུགས་སློབ་ར་ (Faculty of Law) ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་སློབ་སྦྱོང་ (B.A LL.B) གནང་།

ཁོང་སློབ་ཕྲུག་སྐབས་ཤེས་རིག་ལས་ཁུངས་ནས་བུ་མོ་སློབ་ཕྲུག་རྩེ་ཕུད་ཀྱི་གཟེངས་རྟགས་བཞེས་མྱོང་བ་མ་ཟད། སློབ་ཕྲུག་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གསར་འཛུགས་ཀྱིས་ཚོགས་གཙོ་གནང་། དེ་ནི་བཙན་བྱོལ་ནང་བོད་རིགས་སློབ་ཕྲུག་ནང་ཁུལ་བདེ་སྡུག་ཆེད་ཚོགས་པ་བཙུགས་པ་ཐོག་མ་ལྟ་བུ་ཆགས་ཡོད། དེ་བཞིན་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ (Govt. College of Girls) མཐོ་སློབ་ཀྱི་ཕྱི་རྒྱལ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་འགན་འཁུར་བཞེས། ལྡི་ལི་མཐོ་སློབ་སྐབས་བོད་ཀྱི་ཉིན་མོ་སྲུང་བརྩི་གཙོས་རྒྱ་གར་ཆབ་སྲིད་ཚོགས་པ་མང་དག་ཅིག་གི་གཞོན་ནུ་སྡེ་ཚན་ཁག་དང་མཉམ་དུ་འབྲེལ་བ་གསར་འཛུགས་གནང་།

ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་སྣེ་ཉམས་མྱོང་འབུར་དུ་ཐོན་པ་མ་ཟད། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོ་ཚད་ལྡན་ཞིག་ལ་བསྒྱུར་ཆེད་མཛད་པ་ཆེར་བཞེས་ཤིག་སྤེལ་གནང་མཛད་སྐབས། ཕྱི་ལོ་ ༡༩༩༡ ལོར་དགུང་ལོ་ ༢༦ སྟེང་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འོས་ཐོན་གྱིས་ལོ་རྒྱུས་ནང་དགུང་ལོ་ཆུང་ཤོས་གྲས་ཀྱི་སྤྱི་འཐུས་ཡིན་པ་མ་ཟད། སླར་ཡང་སྐབས་ ༡༢། ༡༣། ༡༤ སོ་སོར་མདོ་སྟོད་སྤྱི་འཐུས་སུ་བདམས་ཐོན་གྱིས་བཙན་བྱོལ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་བུད་མེད་ཚོགས་གཞོན་དང་པོ་ཡིན་པ་དང་། བསྟུད་མར་སྐབས་གཉིས་རིང་ཚོགས་གཞོན་གྱི་མཛད་འཁུར་བཞེས་ཡོད། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་མཛད་འཁུར་བཞེས། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ཆ་ཤས་ལེན་མཁན་བུད་མེད་གཅིག་པུ་དེ་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།