19
Fri, Apr

བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་བོད་མི་ཁག་ཅིག པར། སངས་རྒྱས་སྐྱབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༡༢ཉིན། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཌའི་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཞི་བའི་གོམ་བགྲོད་ཅིག་འགོ་བརྩམས་ཡོད་ཅིང་། ༢༠༢༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠སྟེང་། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ན་ཌའི་གྲོང་འཁྱེར་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱིས། རྒྱལ་ས་ཨོ་ཊ་ཝའི་རྒྱ་ནག་གཞུང་ཚབ་ཁང་བར་ དང་། ཕྱིར་གྲོང་འཁྱེར་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བར་དུ། བོད་དོན་ཐོག་གོ་རྟོགས་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་ཉིན་གྲངས་ཉེར་བཞི་ནས་ཉེར་ལྔ་རིང་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་འདུག

ཁོང་གིས་ངོ་དེབ་ཐད་གཏོང་བརྒྱུད་ནས་བརྗོད་དོན། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་དགོས་དོན་ནི། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཇ་དྲུག་ལ་ཕེབས་ཀྱི་ཡོད་པ་དང་། དེ་བཞིན་འདི་ལོ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན། སྒེར་ངོས་ནས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་ས་ཕ་ཡུལ་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་ཡིན།

དེ་བཞིན་བོད་ནང་དུ་གཞི་རྩའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྟེ་ཕན་ཚུན་གྲོས་མོལ་དང་ཡིད་ཆེས་ཀྱི་ལམ་ནས་བསྐྱར་གསོ་བྱ་རྒྱུར་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང་། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་གཙོས་གཞན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་། ད་དུང་རྒྱ་གཞུང་གིས་བཟོས་བའི་ཏོག་དབྱིབས་གཉན་རིམས་༡༩་པར་རྒྱ་གཞུང་གིས་འགན་ལེན་དང་རྒྱལ་སྤྱི་ཡིས་ཐེར་འདོན་བྱ་དགོས་པ་བཅས་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། བོད་ནང་དུ་བོད་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་སྒེར་ངོས་ནས་ལས་འགུལ་འདི་ལྟར་སྤེལ་བ་ཡིན། བོད་ནང་གི་བོད་མི་ཁག་ཅིག་གིས་ངོ་དེབ་སོགས་ལྐོག་ནས་ལྟ་ཐུབ་ཀྱི་ཡོད། དེར་བརྟེན། ང་ཚོས་ལས་འགུལ་འདི་ལྟར་སྤེལ་དུས་ཁོ་ཚོ་སེམས་དགའ་བ་དང་སེམས་ཤུགས་སྐྱེད་ཀྱི་ཡོད་རེད། ཅེས་དང་།

སྒེར་ངོས་ནས་ཁེ་ན་ཌའི་གྲོང་འཁྱེར་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་སྤེལ་ནས་ལོ་གསུམ་དང་ཟླ་དྲུག་འགྲོ་བཞིན་ཡོད། རང་ཉིད་ནི་བོད་ནས་སྐྱེས་པ་དང་མཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན། བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་མིན་རྟོགས་ཀྱི་ཡོད། ང་ཚོ་བོད་མི་མི་རེ་ངོ་རེར་འགན་ཞིག་ཡོད་པར་བརྟེན། ངས་ད་ལྟར་བར་སེམས་གཅིག་བློ་གཅིག་གི་ལས་འགུལ་སྤེལ་བ་ཡིན། བོད་རྒྱལ་ཁབ་དང་མི་རིགས་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ། བོད་ཀྱི་དངོས་ཡོད་གནས་སྟངས་དང་༸གོང་ས་མཆོག་བོད་ལ་བཞུགས་མ་ཐུབ་པ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་དགོས་པ་གལ་ཆེན་རེད། ཅེས་བརྗོད་སོང་།

བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་རྣམས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཉིན་རེ་དྲན་དགོས་པ་མ་ཟད། རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས། བོད་དོན་བདེན་མཐའ་མ་གསལ་བའི་བར་དུ་ང་ཚོས་མི་སྒེར་ནས་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ངས་ལས་འགུལ་སྤེལ་དགོས་དོན་ནི་མི་སྒེར་གྱི་དཀའ་ངལ་དང་ཁྱིམ་ཚང་གཅིག་གི་དཀའ་ངལ་མིན་པ། བོད་རྒྱལ་ཁབ་དང་མི་རིགས་གཅིག་གི་དཀའ་ངལ་ཆགས་ཡོད།

རང་ཉིད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཉིན་རེར་བསམ་བློ་གཏོང་བཞིན་ཡོད། རང་ཉིད་ངོས་ནས་བོད་དོན་ཐོག་གང་བྱེད་ཐུབ་པ་འདུག་བསམ་བློ་གཏོང་བཞིན་ཡོད། དེར་བརྟེན། རྒྱ་ནག་གི་ངོ་གདོང་ངོ་མ་མི་རྣམས་ལ་ཤེས་རྟོགས་དང་མཐོང་བའི་ཆེད་དུ་༢༠༡༨་ལོ་ནས་ལས་འགུལ་རིམ་པ་སྤེལ་ཡོད་ལ་མུ་མཐུད་ནས་སྤེལ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་། ༸གོང་ས་མཆོག་མཇལ་འདོད་ཀྱང་མཇལ་བའི་གོ་སྐབས་མེད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་ཚབ་བྱས་ནས་ལས་འགུལ་སྤེལ་རྒྱུ་དང་། ༸གོང་ས་མཆོག་གི་བཀའ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ་དེ་ནི་ང་ཚོའི་འོས་འགན་ཀྱང་རེད། ཅེས་བརྗོད་སོང་།

བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ཀྱིས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་ལྔ་ཞུས་ཡོད་པ་རྣམས་ནི་གཤམ་གསལ།

༡༽ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རོགས།
༢༽ བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྟེ་ཕན་ཚུན་གྲོས་བསྡུར་དང་ཡིད་ཆེས་ཀྱི་ལམ་ནས་བསྐྱར་གསོ་བྱ་རྒྱུ།
༣༽ ༧པཎ་ཆེན་རིན་པོ་ཆེ་དང་གཞན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས།
༤༽ ༢༠༢༢ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས།
༥༽ རྒྱ་ནག་གིས་བཟོས་བའི་ཏོག་དབྱིབས་ནད་ཡམས་ལ་འགན་ལེན་དང་རྒྱལ་སྤྱིས་ཐེར་འདོན་བྱ་དགོས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།