07
Tue, Dec

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། པར། བསྟན་འཛིན་ཕན་བདེ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༦ཉིན། ངའི་སྲིད་སྐྱོང་ལས་འགན་དེ་རིང་ནས་ཟིན་ཀྱང་། བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་མུ་མཐུད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། རང་ཉིད་རང་དབང་འཐབ་རྩོད་པའི་ངོ་བོར་སྐྱེས་པ་བཞིན། མ་འཆི་བར་དུ་རང་དབང་འཐབ་རྩོད་པའི་ངོ་བོར་གནས་རྒྱུ་ཡིན། ཞེས་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ལྷན་ཞུགས་ཐོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐབས་ ༡༥ པའི་བཀའ་ཤག་གིས་ལས་འཁྱུར་གསུང་བཤད་གནང་འདུག

ཐོག་མར་སྲིད་སྐྱོང་མཆོག་གིས་གསུང་དོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། འཛམ་གླིང་ཁྱོན་ལ་གནས་པའི་བོད་རིགས་སྤུན་ཟླ་དང་བོད་ཀྱི་གྲོགས་པོ་གྲོགས་མོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདས་པའི་ཟླ་ཤས་ནང་ཨ་རི་དང་། ཁེ་ན་ཌ། ཨིན་ཡུལ། ཉི་འོང་། ཨི་ཊ་ལི། ལྷོ་ཨཕ་རི་ཀ རྒྱ་གར་བཅས་ཐེ་བའི་རྒྱལ་ཁབ་འདྲ་མིན་གྱི་ཚོགས་སྒེར་མང་པོས་རང་ཉིད་ལ་ལོ་བཅུའི་ཞབས་ཞུ་ལེགས་གྲུབ་བྱུང་བའི་གྱེས་སྟོན་ལས་རིམ་མང་པོ་ཐུགས་བརྩེ་ཆེན་པོའི་སྒོ་ནས་གནང་བྱུང་བ་ལྟར། དེ་རིང་ངའི་ངོས་ནས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རེས་ཀྱི་དུས་སྐབས་དེ་རེད།

བོད་ཕྱི་ནང་གཉིས་ཀྱི་བོད་མི་སྤུན་ཟླ་རྣམས་ཀྱི་འགྱུར་ལྡོག་མེད་པའི་རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ལོ་བཅུའི་རིང་སྲིད་སྐྱོང་གི་མིང་གནས་ཐོག་ནས་ཁྱེད་རྣམ་པའི་ཞབས་ཞུ་བསྒྲུབ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་དགའ་སྤོབས་ཆེ་ཤོས་བྱ་ཡུལ་དེ་ཡིན།

ཁྱེད་རྣམས་ལ་བརྟེན་ནས་ངས་རང་གི་ཕ་དམ་པའི་ཁ་ཆེམས། རང་གི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་འདེགས་ཞུ་རྒྱུ་དང་། རྒྱའི་བཙན་འོག་ཏུ་ཤོར་བའི་རང་གི་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་བྱ་རྒྱུ་གཉིས་དངོས་སུ་བསྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་། འདི་འདྲའི་ཁ་ཆེམས་ཀྱི་སྒྲ་ཚིག་བོད་མིའི་ཁྱིམ་ཚང་ཚང་མའི་ནང་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད།

བོད་ཀྱི་གྲོགས་པོ་གསར་རྙིང་མང་པོས་ང་ཚོ་ལ་བདེན་པའི་རྒྱབ་ལངས་བརྟན་པོ་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སོ་སོའི་མི་ཚེར་བསམ་ཞིབ་བྱེད་སྐབས། རང་ཉིད་རྡོ་རྗེ་གླིང་གི་བོད་མིའི་གཞིས་ཆགས་ཆུང་ངུ་དེ་འདྲའི་ཕྲུ་གུ་ཞིག་བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་མིང་གནས་འཛིན་མཁན་དང་པོར་གྱུར་སྲིད་པ་དེ་འདྲ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་གཟིགས་རྒྱང་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚོར་གྱི་ཡོད་པས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

འདས་པའི་ལོ་ངོ་བཅུ་སྐོར་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་གྲོས་བསྡུར་བྱེད་རྒྱུར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལ་བོད་མིའི་སྒྲིག་འཛུགས་ཁ་བྲལ་བ་ཡིན་པར་སྙོན་འཛུགས་ཀྱིས་འབྲེལ་བ་བྱེད་མི་རུང་བའི་ཉེན་བརྡ་གཏོང་གི་ཡོད། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་སྔོན་ནས་མི་སྣ་མཇལ་འཕྲད་ཀྱི་དུས་ཚོད་བཟོས་ཟིན་པ་མཇལ་འཕྲད་ཞུ་ཁར་ཕྱིར་འཐེན་བྱས་པའམ། གནས་རིམ་དམའ་བའི་ལས་བྱེད་དང་ཐུག་འཕྲད་དགོས་པའི་འགྱུར་བ་གཏོང་བ་སོགས་ཡོང་གི་ཡོད་པ་རང་གི་ཉམས་མྱོང་ངོ་མའི་ཐོག་ནས་ཤེས་ཀྱི་ཡོད།

ཉམས་མྱོང་དེ་དག་ལ་བརྟེན་ནས་བོད་མིའི་རྩ་དོན་ཆེད་དུ་ཐབས་བྱུས་གསར་པ་བསྟེན་དགོས་པའི་སེམས་ཚོར་བྱུང་ཞིང་། དེ་འདྲའི་གནས་སྟངས་འོག་ནས་གླེང་སྟེགས་ལས་ནང་དོན་གལ་ཆེ་བ་བརྩིས་ནས་མི་སྣ་མཇལ་འཕྲད་རིགས་ཟ་ཁང་དང་། མི་ཚོགས་ཆེ་བའི་ཇ་ཁང་བཅས་སུ་བྱ་དགོས་ཀྱང་ངོས་ལེན་བྱས་ཏེ། མི་དང་མིའི་འབྲེལ་ཟམ་འཛུགས་རྒྱུར་དམ་དོན་བྱས་པ་ཡིན།

ལོ་ངོ་བཅུ་ཙམ་རིང་ཆོད་སེམས་བརྟན་པོས་ལས་དོན་ཐོག་དངོས་སུ་ཞུགས་ནས་རྒྱལ་སྤྱིའི་ནང་ང་ཚོ་ཁ་བྲལ་བ་མིན་པར་ཁྲིམས་མཐུན་གྱི་བཙན་བྱོལ་བོད་མིའི་ངོ་ཚབ་ཅིག་ཡིན་པར་ངོས་འཛིན་ཐོབ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་མིང་ཐོག་ནས་རིམ་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་འགྲོ་ཐུབ་པ་བྱུང་ཡོད། དེ་དང་ལྷན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལ་བརྟེན་ནས་ཨ་རི་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་དཔེ་མཚོན་འོས་པའི་འབྲེལ་ལམ་གསར་པ་མངོན་གསལ་ཅན་ཞིག་གཏོད་ཐུབ་ཡོད།

ལེའུ་གསར་པ་འདི་འདྲ་ཞིག་དང་ལྷན་དུ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་ཚུལ་བཞིན་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་ཡོད། ཁོང་གི་བོད་དང་བོད་མིའི་ཆེད་དུ་རྒྱལ་སྤྱིའི་ཞུ་གཏུག་ཁག་ལ་རྒྱབ་སྐྱོར་ཞུ་དགོས་པ་བོད་མི་ཡོངས་ཀྱི་ལས་འགན་ཆགས་ཀྱི་ཡོད་པས་ཚང་མས་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་གནང་དགོས་ཤིང་། བདམས་ཐོན་སྲིད་སྐྱོང་མཆོག་དང་ཁོང་གི་བཀའ་ཤག་གི་མཛད་དོན་རྣམས་གེགས་མེད་ལམ་ལྷོང་ཡོང་བའི་རེ་སྨོན་ཞུ་རྒྱུ་དང་། རང་གི་ལས་རོགས་བཀའ་ཤག་སྐབས་ ༡༤ པ་དང་ ༡༥ པའི་བཀའ་བློན་རྣམ་པ་དང་། སྲིད་སྐྱོང་གི་སློབ་སྟོན་པ་རྒན་པ། མང་གཙོ་དང་སྒྲིག་འཛུགས་དར་རྒྱས་ཐོག་ལྷག་བསམ་དང་ཧུར་བརྩོན་ཅན་གྱི་སྲི་ཞུའི་ལས་བྱེད་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་མི་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཁྲོད་འོས་བསྡུ་དང་བགྲོ་གླེང་སོགས་ཀྱི་སྐབས་ནས་སྤྱི་པའི་ཆབ་སྲིད་ལས་དོན་ནང་མི་མང་མཉམ་ཞུགས་ཀྱི་ཚད་གཞི་ཇེ་མཐོར་སོང་བ་དངོས་སུ་མཐོང་ནས་དགའ་སྤོབས་ཆེན་པོ་བྱུང་། འོས་འདེམས་བྱས་པའི་སྲིད་སྐྱོང་རང་ཉིད་ལའང་སྐྱོན་བརྗོད་བྱེད་མཁན་ཡོད། ཡང་དག་པའི་མང་གཙོའི་རྨང་གཞི་ལྡན་པའི་སྒོ་ནས་སོ་སོའི་ཁེ་དབང་ལོངས་སུ་སྤྱད་ནས་སྐྱོན་བརྗོད་བྱས་པ་རྣམས་ལ་ངས་དགའ་བསུ་ཞུ་ཡི་ཡོད། འོན་ཀྱང་དེ་ལྟར་བྱེད་སྐབས་སོ་སོ་སྒེར་དང་ཤོག་ཁག་དང་ལུང་ཚན་གྱི་ཆེད་དུ་མ་ཡིན་པར་གཞི་རྒྱ་ཆེ་ས་བོད་མི་སྤྱིའི་བདེ་ཐབས་ལ་དམིགས་པ་ཞིག་ངེས་པར་དུ་དགོས།

རང་རེའི་མི་རབས་རྒན་པ་རྣམས་ཀྱི་བློས་བཏང་གི་བསམ་སྤྱོད་དང་། བོད་ནང་དུ་བཙན་དབང་གདུག་རྩུབ་མྱོང་བཞིན་པའི་སྤུན་ཟླ་རྣམས་ཀྱི་སེམས་ཀྱི་རྨ་ཁ་དེ་དག་རྒྱུན་དུ་དྲན་ཚོར་བྱས་པའི་སྒོ་ནས་རང་རེའི་འཐབ་རྩོད་ཀྱི་ནུས་ཤུགས་སླར་གསོ་དང་རྒྱུན་གནས་གོང་སྤེལ་བཅས་ཀྱི་གཞི་རྩ་དང་རྒྱུ་རྐྱེན་དུ་བསྒྱུར་ཐུབ་པ་བྱེད་དགོས།

མི་རབས་རྒན་པ་མང་པོས་ང་ལ་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོའི་སྐོར་ལ་བཀའ་འདྲི་གནང་མྱོང་ཡོད། གཞོན་སྐྱེས་མང་པོས་བོད་དངོས་སུ་མཐོང་མེད་ཀྱང་ཁོང་ཚོའི་གནས་ལུགས་གསལ་པོ་རྟོགས་པའི་བསམ་བློའི་འཆར་སྒོ་དང་བོད་དོན་ཐོག་སེམས་ཁུར་བྱེད་སྟངས་བཅས་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་ཚོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ཐོག་རྩོད་གླེང་བྱེད་རྒྱུའི་ཆོད་སེམས་དང་། ནུས་རྩལ། སེམས་ཁུར་ཇི་ལྟར་ལེན་བཞིན་ཡོད་པའི་བདེན་དཔང་ངས་བྱེད་ཐུབ་ཀྱི་ཡོད། ཁོང་ཚོས་སོ་སོ་བོད་གངས་ཅན་པ་ཞིག་ཡིན་བསམ་པ་ལས་ཨ་མདོ་དང་། ཁམས་པ། དབུས་གཙང་པ་ཞིག་ཡིན་པ་བསམ་གྱི་མེད། དེར་བརྟེན་ང་ཚོས་ནུས་པ་མཉམ་སྤུངས་དང་རྡོག་རྩ་ཆིག་སྒྲིལ་སྒོ་ནས་བོད་ཀྱི་རྩ་དོན་ཐོག་ནུས་པ་འདོན་དགོས།

ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས། “གལ་ཏེ་འཛམ་བུ་གླིང་གི་རང་དབང་ལ་དགའ་བའི་མི་རྣམས་ཀྱིས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་སྐད་ཆ་ཤོད་མ་ཐུབ་ན། འཛམ་བུ་གླིང་གི་ས་ཆ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་དབང་ཆ་ཤོར་བ་རེད།” ཅེས་གསུངས་པ་བཞིན། བོད་ཀྱི་རྩ་དོན་དེ་འཛམ་བུ་གླིང་གི་གནས་སྟངས་གང་འདྲ་ཡོད་མེད་ལྟ་བྱེད་ཀྱི་བརྟག་དཔྱད་ (Litmus Test) ཞིག་ཡིན། བོད་ནང་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་སྤྱི་དང་། ལྷག་པར་དུ་བོད་མི་ ༡༥༥ ཡིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༡༣༣ འདས་གྲོངས་སོང་ཡོད་པ་དེ་དག་ང་ཚོས་ནམ་ཡང་བརྗེད་མི་རུང་།

རྒྱལ་སྤྱིའི་ནང་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། འཛམ་གླིང་གི་ཚད་ལྡན་སྣེ་འཁྲིད་པ་ཞིག་ཆགས་པར་བཟང་སྤྱོད་ཀྱི་ཆ་རྐྱེན་གྱིས་འདང་གི་མེད་པ་གསལ་པོ་རེད། ང་ཚོས་རྒྱ་ནག་གཞུང་དང་ལྷན་དུ་དབུ་མའི་ལམ་གྱི་ཐོག་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་རྩོད་ལེན་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གཞུང་ལ་བོད་དང་འབྲེལ་བའི་ཁྲིམས་མཐུན་གནས་བབ་ཡོང་རྒྱུ་དང་། རྒྱལ་སྤྱིའི་ནང་རྒྱ་ནག་གི་བཟང་སྤྱོད་ཀྱི་གནས་ཚད་དམའ་པོར་ལྷུངས་ཡོད་པ་དེ་བསྐྱར་གསོ་བྱ་རྒྱུའི་གོ་སྐབས་བཟང་པོ་བསྐྲུན་པ་ཞིག་ཆགས་ཡོད།

བོད་མིའི་རང་དབང་ལས་འགུལ་གྱི་ལོ་རྒྱུས་ཆ་ཚང་བ་ཞིག་འགྲུབ་པ་ལ། ང་ཚོའི་མཐུན་གྲོགས་ཉེ་ཤོས་ངོ་མཚར་ཅན་གྱི་རྒྱལ་ཁབ་རྒྱ་གར་གྱི་རྒྱབ་སྐྱོར་མེད་པར་ཡོང་ཐབས་མེད་པས། ངས་དེ་རིང་རྒྱ་གར་གཞུང་དང་མི་མང་ཡོངས་ལ་ད་བར་མི་ལོ་ ༦༠ བརྒལ་བའི་རིང་གང་ཅིའི་རོགས་མགོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་དང་། དེང་གི་ཆར་རྒྱ་གར་དང་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་༡༩ ལ་བརྟེན་ནས་འཆི་སྐྱོན་དང་ནད་མནར་གྱི་སྡུག་བསྔལ་ཚབས་ཆེན་མྱོང་བཞིན་ཡོད་པར། ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚང་མར་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

དེ་རིང་ནས་རང་ཉིད་སྲིད་སྐྱོང་གི་ལས་འགན་མཇུག་སྒྲིལ་གྱི་ཡོད་པ་བཞིན། དེ་རྗེས་ཁྱེད་རང་ལས་དོན་གང་བྱེད་འདོད་ཡོད་དམ་ཞེས་འདྲི་མཁན་མང་པོ་བྱུང་བར། དེ་རྗེས་རང་གི་ཁྱིམ་ཚང་ལྷན་དུ་དུས་ཚོད་གཏོང་རྒྱུ་དང་། ལྷག་པར་དུ་རང་གི་བུ་མོ་དང་ལྷན་དུ་དྲྭ་ཐོག་རྩེད་མོ་རྩེ་དགོས་བསམ་བཞིན་ཡོད་ཅེས་བརྗོད་ཡོད།

ངའི་སྲིད་སྐྱོང་ལས་འགན་དེ་རིང་ནས་ཟིན་ཀྱང་། བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་མུ་མཐུད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། རང་ཉིད་རང་དབང་འཐབ་རྩོད་པའི་ངོ་བོར་སྐྱེས་པ་བཞིན། མ་འཆི་བར་དུ་རང་དབང་འཐབ་རྩོད་པའི་ངོ་བོར་གནས་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་ལ་མྱུར་དུ་ཕེབས་ཐུབ་པ། གཞིས་བྱེས་བོད་མི་རྣམས་མགྱོགས་ནས་མྱུར་དུ་མཉམ་འཛོམས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།