16
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༥ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་གཞུང་འབྲེལ་འཚམ་གཟིགས་ཕེབས་སྐབས། ང་ཚོའི་སྐད་དང་རིག་གཞུང་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང། དེ་བརླག་ན་མི་རིགས་དེ་བརླག་པའི་ཉེན་ཁ་ཡོད་རེད། ཅེས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བློ་བཟང་སེངྒ་མཆོག སེ་ར་ཐེག་ཆེན་གླིང་དུ་གཞུང་འབྲེལ་འཚམ་གཟིགས་ཕེབས་ཡོད་པ་དང་། སེ་ར་ཐེག་ཆེན་གླིང་གི་མཁན་རིན་པོ་ཆེ་གཙོས་བླ་སྤྲུལ་དགེ་བཤེས་ཁག་དང་གྲྭ་མང་ཡོངས་ཀྱིས་ལམ་ཟུར་གཡས་གཡོན་དུ་ཕྱག་ལ་དར་དཀར་སྣམས་ནས་དགའ་སྤྲོའི་ཕེབས་བསུ་ཞུས་ཏེ། སེར་བྱེས་མཁས་སྙན་གྲྭ་ཚང་དང་སེར་སྨད་ནོར་གླིང་གྲྭ་ཚང་རེ་རེ་ལ་གདན་ཞུས་ཏེ་མཆོད་མཇལ་ཞུས་སོང་།

བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྒྲོལ་མའི་སྐུ་རེ་གཟེངས་བསྟོད་ཕུལ་ཏེ། སྲིད་སྐྱོང་མཆོག་གིས་མི་ལོ་བཅུའི་རིང་བོད་བསྟན་སྲིད་ཆེད་དུ་ཕྱག་ལས་རྒྱ་ཆེན་གནང་བར་ཡི་རངས་བསྔགས་བརྗོད་ཞུས་སོང་། དེ་ནས་སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་བཅས་ཐུན་མོང་ནས་ཉིན་གུང་གསོལ་ཚིགས་འབུལ་སོང་།

དེའི་རྗེས། སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གི་དྲྭ་ཐོག་སྐད་ཡིག་སློབ་གྲྭར་འཚམ་གཟིགས་ཕེབས་ཡོད་པ་དང་། སྐབས་དེར། སློབ་གྲྭའི་འགན་འཛིན་དང་དགེ་རྒན། དེ་བཞིན་ལས་བྱེད་རྣམས་ཀྱིས་ཕྱག་ཏུ་མཇལ་དར་བསྣམ་སྟེ་ཕེབས་བསུ་བྱས་སོང་། སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་༧རྒྱལ་བ་ཐམས་ཅད་མཁྱེན་པའི་བཞུགས་ཁྲི་ལ་མཇལ་དར་ཕུལ་བ་དང་སྣང་གསལ་མར་མེ་ཞལ་ཁ་ཕྱེས། དེ་ནས་ཞབས་སོར་བདེ་བར་འཁོད་མཚམས་འབྲས་སིལ་དང་གསོལ་ཇ་དྲངས་མཚམས།

སློབ་གྲྭའི་འགན་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བྱམས་པ་སངས་རྒྱས་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་ཞུ་དོན། སློབ་གྲྭ་འདི་ཉིད་ནི་དེང་གི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྡོད་ཀྱི་བོད་ཕྲུག་རྣམས་ལ་བོད་སྐད་དང་བོད་ཡིག་སློབ་འཁྲིད་གནང་ས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་བྱུང་དང་བྱུང་བཞིན་ཡོད་པ་མ་ཚད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ལ་རང་མི་རིགས་ཀྱི་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བོད་ཡིག་ངེས་པར་དུ་སྦྱོང་དགོས་གསུང་པ་རྣམས་ལ་ང་ཚོས་དངོས་སུ་༸རྒྱལ་བའི་བཀའ་སྒྲུབ་བཞིན་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་བཅུ་ལྷག་ལ་གནས་སྡོད་ཀྱི་བོད་ཕྲུག་སློབ་མ་གྲངས་བཞི་བརྒྱ་བརྒྱད་ཅུ་དང་འཛིན་གྲྭ་བཅུ་གསུམ་ཡོད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། ང་ཚོ་སིད་སུ་གནང་པའི་རིག་གཞུང་བསྟི་གནས་ཁང་ལ་སོགས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲྭ་ཚང་གི་ཆོས་ཚོགས་རྣམས་དང་རྒན་དགེ་བ་བཟང་པོ་སོགས་ཀྱིས་འགན་བཞེས་ཏེ་ང་ཚོར་རྒྱལ་ཁབ་ཁག་མི་འདྲ་བ་རེ་ནང་དྲྭ་རྒྱ་ཆེད་མཁས་པ། ཕ་མ་དང་སློབ་ཕྲུག་སོགས་ལ་རོགས་རམ་གནང་མཁན་ཡོད་ཚུལ་དང་ལས་བྱེད་ཚོའི་འགན་འཁྲི་དང་སློབ་མ་སློབ་གྲྭ་ལ་ཞུགས་སྟངས་སོགས་བཅས་ངོ་སྤྲོད་མདོར་ཙམ་ཞུས་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ད་ལྟ་སེར་བྱེས་དྲྭ་ཐོག་སྐད་ཡིག་སློབ་གྲྭའི་ལས་དམ་སྐྱོར་སོང་དགའ་ཚོར་ཆེན་པོ་བྱུང་སོང་། ༧གོང་ས་མཆོག་གིས་བོད་ཀྱི་སྐད་དང་ཡི་གེ་གལ་ཆེ་པོ་ཡིན་པ་གསུངས་གིན་ཡོད་པ་དང་། དེང་གི་ཆར་འཛམ་གླིང་འདིའི་ཐོག་སྐད་ཡིག་མང་པོ་བརླག་བཞིན་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། བོད་པ་ཕྱི་རྒྱལ་དུ་ཡོད་པ་རྣམས་གཟའ་མཇུག་སློབ་གྲྭ་འགྲོ་མ་ཐུབ་པ་རྣམས་ལ་དྲ་རྒྱ་བརྒྱུད་ནས་བསླབ་ན་ཡག་ཤོས་ཡིན་པ་དང་། སེར་བྱེས་དྲྭ་ཐོག་སྐད་ཡིག་སློབ་གྲྭ་ལ་དགེ་རྒན་དང་ལས་བྱེད་རྣམ་པས་ཧུར་ཐག་གནང་གིན་ཡོད་རེད། འགོ་གཙུགས་པ་དང་སློབ་མ་བཞི་བརྒྱ་ལྷག་འཛོམས་ཐུབ་པ་དེ་ལ་བལྟས་ནས་སློབ་གྲྭ་འདི་སྐད་གྲགས་ཆེན་པོ་ཡོད་པ་དང་ཧུར་ཐག་གནང་གི་ཡོད་པ་དངོས་མཐོང་ལག་ཟིན་རེད་འདུག དེས་ཕྱིར་དགེ་རྒན་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གིན་ཡིན། གཙོ་ཆེ་ཤོས་མཁན་རིན་པོ་ཆེས་བཀའ་གནང་པ་བཞིན་འགོ་འཛུགས་པ་དཀའ་ལས་ཁག་པོ་ཡོད་རེད། དེ་ལས་མཇུག་སྐྱོང་བ་དཀའ་ལས་ཡོད་རེད། གནས་ཐུབ་པ་དཀའ་ལས་ཡོད་རེད། ང་ཚོའི་སྐད་དང་རིག་གཞུང་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང། དེ་བརླག་ན་མི་རིགས་དེ་བརླག་པའི་ཉེན་ཁ་ཡོད་རེད། ཁྱེད་ཚོས་ཐུགས་ཕན་སོས་པའི་ཕྱག་ལས་གནང་གིན་འདུག་པས་རྗེས་སུས་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་། དགེ་རྒན་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭའི་དགེ་རྒན་རྣམས་ལ་མཇལ་དར་སྒྲོན་ཏེ་ཐུགས་བརྩེའི་འཛུམ་མདངས་རབ་ཏུ་རྒྱས་བཞིན་མཁན་རིན་པོ་ཆེ་གྲྭ་ཚང་གི་ཕྱག་མཛོད་ཆེན་པོ་ལགས། སློབ་གྲྭའི་འགན་འཛིན་དགེ་རྒན་རྣམས་ལྷན་ཏུ་སྐུ་པར་སྒྲོན་ཏེ་ལས་རིམ་རྒྱལ་ཁའི་ངང་མཇུག་ལེགས་པ་གྲུབ་སོང་།

ཉིན་དེའི་དགོང་མོར་ཕྱག་ཚོད་དྲུག་པའི་ཐོག སེ་ར་བླ་སྤྱིའི་གཙུག་ལག་ཁང་གི་མདུན་ཐང་རྒྱ་གར་མངའ་སྡེ་གཞུང་གི་བཀའ་རྒྱ་ལམ་སྟོན་གཞིར་བཟུང་སྟེ། དགེ་འདུན་པ་གྲངས་ལྔ་བརྒྱ་འདུ་འཛོམས་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། འདས་པའི་ལོ་བཅུའི་རིང་སྐུ་ལས་ཧུར་ཐག་བྱས་ཡོད་པ་དང་། ༧གོང་ས་མཆོག་གིས་ཉེ་ཆར་དྲ་ལམ་བརྒྱུད་སྲིད་སྐྱོང་མཆོག་ལ་ཡི་རངས་བསྔགས་བརྗོད་ཞུས་ཡོད་སྐོར་དང་། སྐབས་དེར། ༸གོང་ས་མཆོག་གིས་ངོས་རང་ནང་ལ་ལྷོད་ལྷོད་བསྡད་ནས་ཁྱེད་ཀྱིས་ཕྱི་ལོག་ལ་ཕྱག་ལས་ཡག་པོ་གནང་བཞིན་འདུག ཅེས་གསུངས་ཡོད་ལུགས་སྲིད་མཆོག་གིས་བརྗོད་སོང་།

དེ་ནས་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐད་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཆེན་པོ་ཐོན་ཡོད་ལུགས་ཀྱི་ངོ་སྤྲོད་ཟབ་ཅིང་རྒྱ་ཆེན་བ་གནང་སྟེ། མཁས་མང་འདུས་པ་རྒྱ་མཚོ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་རེད། མཐའ་དོན། སེ་ར་སྨད་མཁན་རིན་པོ་ཆེས་སྲིད་སྐྱོང་མཆོག་གི་ལོ་ངོ་བཅུའི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་གནང་སྟེ། ད་དུང་ཡང་མུ་མཐུད་ནས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟེ་ཞབས་འདེབས་རླབས་པོ་ཆེ་ཞུ་རོགས་ཞེས་འབོད་སྐུལ་ཆེན་པོ་གནང་རྗེས། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་རྣམ་གཉིས་ཀྱིས་ཐུགས་རྗེ་ལེགས་འབུལ་ཕྱག་རྟགས་འབུལ་ལམ་མཛད་སོང་། བྱེས་སྨད་གཉིས་ཀྱི་གྲྭ་མང་འདུས་པ་རྒྱ་མཚོས་སྲིད་སྐྱོང་མཆོག་ལ་ཡི་རངས་བརྗོད་ཆེན་པོས་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་སོང་།

གནས་ཚུལ་མདོར་བསྡུས་རྒྱ་གར་ལྷོ་ཕྱོགས་ནས་བྱམས་པས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།