19
Fri, Apr

༢༠༢༡་ལོའི་ཟླ་༡་ཚེས་༢༥ཉིན། ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་མགྲིན་ཚབ་པ་ལྷ་རོང་དང་ཁོའི་རོགས་པ་ཚེ་དཔག་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡་ལོའི་ཟླ་༡་ཚེས་༢༥ཉིན། བཞུགས་སྒར་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་རང་ཅག་བོད་མིའི་གྲོས་ཚོགས་ནང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་སྤར་དགོས་མིན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ནས། བོད་མི་༤༠༠༠ལྷག་ལས་བརྒྱ་ཆ་ ༧༥ ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་སྤྱི་འཐུས་ས་མིག་སྤར་དགོས་པར་རྒྱབ་སྐྱོར་གནང་འདུག་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་ཡང་། ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་མགྲིན་ཚབ་པ་ལྷ་རོང་དང་ཁོའི་རོགས་པ་ཚེ་དཔག་གཉིས་ཀྱིས་རང་ཅག་བོད་མིའི་གྲོས་ཚོགས་ནང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་སྤར་དགོས་མིན་གྱི་ཞིབ་འཇུག་སྙན་ཐོ་ཞེས་པའི་སྙན་ཐོ་འདི་དབུ་འབྱེད་བྱས་སོང་། སྐབས་དེར། ལྷ་རོང་ལགས་ཀྱི་འགྲེལ་བརྗོད་བྱེད་དོན། ཞིབ་འཇུག་གི་དགོས་དམིགས་གཙོ་བོ་ཁག་གཉིས་ཡོད། དང་པོ། ད་ཡོད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྤྱི་འཐུས་ས་མིག་ལྔ་ཡོད་པ་དེའི་ཐོག་ལ་བཙན་བྱོལ་བོད་མི་རྣམས་ལ་བསམ་ཚུལ་ཇི་ཡོད་ཤེས་རྟོགས་བྱ་རྒྱུ་དང་། གཉིས་པ། འཛམ་གླིང་ཁྱོན་ལ་ཡོད་པའི་བཙན་བྱོལ་བོད་མི་རྣམས་དམངས་གཙོའི་རང་བཞིན་གྱི་ཐག་གཅོད་ཀྱི་རྒྱུད་རིམ་ནང་རྡོག་རྩ་ཆིག་སྒྲིལ་ཤུགས་ཆེར་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

ཞིབ་འཇུག་འདི་ནི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩་ལོའི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་ཉིན་མོ་ནས་དབུ་བཙུགས་ཏེ། སྤྱི་ཟླ་ ༡༠ ཚེས་༣༡ ཉིན་མཇུག་སྡོམ་བྱས་འདུག ཞིབ་འཇུག་གི་དྲི་བ་གཙོ་བོ་ཁག་ནི། ཁྱེད་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མིའི་མི་འབོར་ཇེ་མང་དུ་སོང་བ་བཞིན་སྤྱི་འཐུས་ཀྱི་གྲངས་ཚད་ཀྱང་མང་དུ་གཏོང་དགོས་རེད་བསམ་གྱི་འདུག་གམ། ཁྱེད་ཀྱིས་ད་ཡོད་སྤྱི་འཐུས་ཀྱི་གྲུབ་ཆ་འདི་འགྱུར་བ་ཇི་ལྟར་གཏོང་འདོད་འདུག་གམ་སོགས་རེད་འདུག

ཞིབ་འཇུག་སྙན་ཐོ་འདི་ནི་དྲ་ཐོག་དང་ཡིག་ཐོག་གཉིས་ནས་ཞིབ་འཇུག་བྱས་འདུག ཞིབ་འཇུག་དེའི་ནང་དུ། ཁྱོན་རྒྱལ་ཁབ་༣༢ ནང་གནས་སྡོད་བྱེད་ཡོད་པའི་བཙན་བྱོལ་བོད་མི་༤༠༠༩་ཡིས་འཛུལ་ཞུགས་བྱས་འདུག ལན་འདེབས་བྱེད་མཁན་རྒན་པ་ལས་གཞོན་པ་མང་བར་བྱུང་ཡོད་པ་དང་། ཕོ་མོའི་བརྒྱ་ཆ་ནི་ཕོ་བརྒྱ་ཆ་༥༠་དང་མོ་བརྒྱ་ཆ་༤༩་བྱུང་འདུག དེའི་ནང་ནས་བོད་མི་བརྒྱ་ཆ་ ༧༥ ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སྤྱི་འཐུས་ས་མིག་མང་དུ་གཏོང་དགོས་པའི་རྒྱབ་སྐྱོར་གནང་གི་འདུག བརྒྱ་ཆ་ ༥༢ ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་དེ་ས་ཁུལ་དེ་དག་གི་མི་འབོར་ལ་གཞིགས་ཏེ་མང་དུ་གཏོང་དགོས་པའི་རྒྱབ་སྐྱོར་གནང་འདུག

བསམ་ཚུལ་གཞན་ཁག་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་འབོར་བརྒྱ་ཆ་༥༠་ཡོད་ན། སྤྱི་འཐུས་ས་མིག་ཀྱང་བརྒྱ་ཆ་༥༠་དགོས་ཀྱི་ཡོད། ཨོ་གླིང་ལ་སྤྱི་འཐུས་ས་མིག་མང་དུ་གཏོང་དགོས། བལ་ཡུལ་དང་འབྲུག་ཡུལ་ནས་ཀྱང་སྤྱི་འཐུས་དགོས་འདུག ཆོས་བརྒྱུད་སྤྱི་འཐུས་མེད་པར་བཟོ་བའང་། ཡང་ན་ཉུང་དུ་གཏོང་དགོས་འདུག ཁ་ཆེ་ལྟ་བུའི་གྲངས་ཉུང་བ་ཁག་གི་སྐུ་ཚབ་སྤྱི་འཐུས་དགོས་འདུག་སོགས་རེད་འདུག

ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་འབོད་སྐུལ་དང་བསམ་འཆར་གཙོ་བོ་ཁག་ནི། དང་པོ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་མིག་ཕྱེད་ཀ་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་རྣམས་ལ་ཟུར་བཅད་གནང་དགོས་འདུག གཉིས་པ། བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གསར་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཚོགས་སྡེ་ཁག་བཅས་ཀྱིས་དམངས་གཙོ་དང་འབྲེལ་བའི་གནད་ཡོད་བརྗོད་གཞིའི་ཁག་གི་ཐོག་ལ་འཆར་ལུགས་ལྡན་པའི་བགྲོ་གླེང་ལྷུག་པོ་གང་མང་གནང་རྒྱུའི་སྐུལ་འདེད་གནང་དགོས་འདུག གསུམ་པ། བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གསར་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཚོགས་སྡེ་ཁག་བཅས་ཀྱིས་བོད་མི་སྤྱིར་དང་། དམིགས་བསལ་རྒྱ་བལ་འབྲུག་གསུམ་གྱི་འོས་འཕེན་མཁན་རྣམས་ལ་རང་ཅག་གི་དམངས་གཙོ་དང་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་སྐོར་ལ་སློབ་གསོ་དང་གོ་རྟོགས་མང་ཙམ་སྤེལ་དགོས་འདུག་བཅས་རེད་འདུག

ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ནི། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་འཚོགས་འདུ་དང་པོ་དང་། གཉིས་པའི་སྐབས་ཀྱི་ཚོགས་བཅར་བ་རྣམས་ཀྱིས་བཙུགས་པའི་རང་དབང་ཅན་གྱི་གླེང་སྟེགས་ཤིག་ཡིན་འདུག་པ་དང་། ཚོགས་བཅར་བ་རྣམས་ཤེས་ཡོན་རིག་གནས་ལ་འབུར་དུ་ཐོན་མཁན་ནམ། རང་རེའི་བོད་མིའི་ཚོགས་སྡེ་ཁག་དང་རང་དབང་འཐབ་རྩོད་ཐོག་ལ་ཞབས་འདེགས་སྒྲུབ་མཁན་གྱི་བོད་མི་གཞོན་སྐྱེས་ཤ་སྟག་རེད་འདུག ཚོགས་བཅར་བ་ཕྱེད་ཀ་ཙམ་རྒྱ་བལ་འབྲུག་གསུམ་དང་། ཕྱེད་ཀ་དེ་བྱང་ཨ་རི་དང་། ཡུ་རོབ། ཨོ་སི་ཀྲོ་ལི་ཡ་བཅས་ནས་ཡིན་འདུག།

བོད་ཀྱི་ལོ་རྒྱུས་ཡིག་ཆ།