24
Wed, Apr

ཆོལ་གསུམ་བོད་རིགས་བསམ་མཐུན་གཞོན་སྐྱེས་ཁག་ཅིག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༣༠ཉིན། ཆོལ་གསུམ་བོད་རིགས་བསམ་མཐུན་གཞོན་སྐྱེས་ཁག་ཅིག་གིས་བོད་ནང་ལ་སྐད་ཡིག་དང་སྨྲ་བརྗོད་རང་དབང་སོགས་མེད་རྐྱེན། ཁོ་ཚོའི་མགྲིན་ཚབ་ལྟ་བུ་བྱས་ནས་ངག་མེད་ཀྱི་མགྲིན་ཚབ་ཞེས་པའི་བོད་དོན་ལས་འགུལ་གྱི་དྲ་རྒྱ་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན། རྒྱ་གར་རྒྱལ་ས་ལྡི་ལི་ནས་ཉི་མ་ཚེ་རིང་གཙོས་པའི་གཞོན་སྐྱེས་ཁག་ཅིག་གིས་དྲ་ཐོག་ནས་ངག་མེད་ཀྱི་མགྲིན་ཚབ་(Voice for the voiceless)ཅེས་པའི་དྲ་རྒྱ་ཞིག་དབུ་འབྱེད་གནང་ནས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། ངག་མེད་ཀྱི་མགྲིན་ཚབ་པ་ཞེས་པ་ནི་བོད་ནང་གི་བོད་མི་ཚོས་བོད་ཀྱི་རྩ་དོན་ཆེད་དུ་བློས་གཏོང་ཚད་མེད་གནང་བར་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། དེ་བཞིན་བཙན་བྱོལ་ནང་དུ་བོད་སྐད་ཡིག་ཡར་རྒྱས་གཏོང་ཆེད་བཅས་ཀྱི་དམིགས་ཡུལ་གཞི་བཟུང་ཐོག་ལས་འགུལ་འདི་འགོ་བརྩམས་པ་ཞིག་ཡིན་འདུག

ཁོ་ཚོའི་ལས་འཆར་དང་པོ་ནི། ༢༠༡༠་ལོར་རེབ་གོང་ནས་འགོ་བཙུགས་པའི་རང་རེའི་སློབ་ཕྲུག་རྣམས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་ཚན་ལ་ཕོག་ཐུག་འགྲོ་བའི་སྲིད་ཇུས་ལ་ངོ་རྒོལ་མཐར་ཕྱིན་པ་བྱས་རྗེས། བོད་ཆོལ་གསུམ་ས་ཁུལ་ནང་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་བོད་ཀྱི་སྐད་ཡིག་ཐོག་སློབ་ཕྲུག་རང་མོས་དང་། དགེ་རྒན། བོད་རིགས་མཐོ་རིམ་སློབ་གྲྭའི་སློབ་མའི་ནུས་པ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་གཞུང་ནས་སྲིད་ཇུས་དེ་དག་ངག་འཐེན་བྱས་དགོས་པའི་རྒྱལ་ཁ་ཆེན་པོ་ཐོབ་ནས་མི་ལོ་ ༡༠ ཧྲིལ་པོར་འཁོར་བའི་དུས་འདི་ལ་ཁོང་རྣམས་ལ་ཡི་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་བོད་ཕྲུག་ཚོས་བོད་ནང་དུ་ངོ་རྒོལ་བྱས་པའི་སྐོར་སོགས་ཀྱི་བརྙན་ཐུང་ཕྱོགས་སྒྲིག་ཅིག་བསྟན་སོང་།

ལས་འཆར་གཉིས་པ་ནི། བཙན་བྱོལ་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པས་སློབ་ཕྲུག་རྣམས་ནས་དོ་སྣང་ཆེར་ཡོང་སླད་གོ་སྐབས་བསྐྲུན་རྒྱུ་ཡིན་འདུག དེ་ནི་ལོ་ན་༡༤་ནས་༡༧་ཡིན་བོད་ཕྲུག་ཚོར་བོད་སྐད་ཡིག་གལ་ཆེན་ཡིན་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་འགོ་འཛུགས་ཡིན་པ་དང་། རྩོམ་ཡིག་འགྲན་འདི་ནི་སྤྱི་ཟླ་༡༢ ཚེས་ ༡༥ ནས་ལོ་རྗེས་མའི ཟླ་ ༡ ཚེས་ ༡༥ བར་ཁོ་ཚོར་འབྱོར་ཚར་བ་དགོས་འདུག ལོ་རྗེས་མའི་ཟླ་༢་ཚེས་༢༡་ཉིན། རྒྱལ་སྤྱིའི་ཕ་སྐད་ཉིན་མོར་རྩོམ་ཡིག་རྩེད་ཕུད་སློབ་མ་གསུམ་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་། མ་འོངས་པའང་ལས་འཆར་མང་པོ་ཡོད་པར་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།