24
Wed, Apr

༢༠༢༠་ལོའི་ཟླ་༡༠་ཚེས་༧ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༧་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར། ། ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་བཞི་པོ་གཞིར་བཟུང་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུར་དམ་བཅའ་བརྟན་སྲུང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭངས་པོ་བསོད་ནམས་ནོར་བུ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་ཚོགས་གཞོན་ཨ་ཅྱརྱ་ཡེ་ཤེས་ཕུན་ཚོགས་གཙོས་སྤྱི་འཐུས་རྣམས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ཚོགས་ཟུར་བསྟན་འཛིན་དགེ་བྱེད་མཆོག གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་པ་དང་། དེ་བཞིན་མི་མང་བཅས་འདུ་འཛོམས་བྱས་ནས་དུས་དྲན་སྲུང་བརྩི་སྟབས་བདེ་ཞིག་ཞུས་སོང་།

དང་ཐོག ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་གསུང་དོན། དེ་རིང་ནི་བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་མོ་འདི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་ཡིན་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྒོ་གསུམ་གུས་ཕྱག་གྲངས་མེད་དང་བཅས། ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་བ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ཤུལ་ལུས་ནང་མི་བུ་ཕྲུག་དང་དགའ་ཉེ་སྤུན་མཆེད་ཡོངས་ལའང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་བཅས། སྤྱིར་གཞོན་ལྷན་གྱི་༥༠་དུས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་འདི་ལོར་འཚོགས་འཆར་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་རིམས་ནད་དེས་རྐྱེན་པས་མི་མང་འདུ་འཛོམས་བྱ་རྒྱུར་དཀའ་ཁག་ཡོད་པར་སོང་། དུས་དྲན་གྱི་གོ་སྒྲིག་ཚོགས་ཆུང་ནས་ ༥༠ དུས་དྲན་མཛད་སྒོ་དངོས་གཞི་དེ་བཞིན་ལོ་འཁོར་མོ་གཅིག་རིང་ཕྱིར་འགྱངས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་ཅེས་ཞུ་རྒྱུ་དང༌། འདི་ག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་ ༡༧ པའི་དབུས་རྒྱུན་ལས་མཐུན་མོང་ནས་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱིས་ཚབ་ཞུས་ཏེ་གཞིས་བྱེས་བོད་འབངས་ཡོངས་ལ་ལོ་རྒྱུས་རང་བཞིན་ཅན་གྱི་གཞོན་ལྷན་གྱི་ ༥༠ དུས་དྲན་གྱི་ཉིན་མོར་མཛའ་བརྩེའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།

༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱིར་ནུས་ཤུགས་གཅིག་སྒྲིལ་གནང་སའི་སྡིངས་ཆ་༼བོད་རིགས་གཞོན་ནུ་ལྷན་ཚོགས།༽ཞེས་པ་འདི་ནི། སྐུ་ངོ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། སྐུ་ངོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དམ་པ་མཆོག སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག སྐུ་ངོ་བཀའ་ཟུང་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་མཆོག་བཅས་རྣམ་པ་བཞིས་ཐུགས་འགན་གཙོ་བཞེས་ཀྱིས་བཀའ་བསྡུར་རིམ་པར་གནང་མཐར་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་དེ་རིང་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ བར་མི་ལོ་ ༥༠ ཧྲིལ་པོ་སོང་རིང་འགལ་རྐྱེན་བར་ཆད་སྣ་ཚོགས་ཤིག་འཕྲད་ཡོད་ནའང་གཞོན་ལྷན་དབུས་རྒྱུན་སྐབས་ ༡༧ བར་དང་། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ས་གཞོན་ཁག་ ༨༨ ཙམ་རིམ་བཙུགས་ཐུབ་པ་བྱུང་བ་དང་ཚོགས་མི་ ༣༥༠༠༠ ལྷག་བྱུང་ཡོད་པ་རེད། དེ་ལྟར་ལོ་ངོ་ ༥༠ དེའི་རིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་རིམ་བྱུང་གི་བཀོད་མངགས་དང་འགན་འཁུར་སྣེ་ཁྲིད་འོག་དབུས་ས་གཉིས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་རྣམ་པ་དང་ངོ་བོ་མི་འདྲ་བའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མང་དག་ཅིག་ཀྱང་སྤེལ་ཐུབ་པ་བྱུང་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་། ཅེས་བརྗོད་སོང་།

དེ་ཡང་ཆབ་སྲིད་ཐད་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཐོག་རྒྱ་ནག་གི་དཔོན་རིགས་དང་གཞུང་ཚབ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་མདུན་སར་ངོ་རྒོལ་སྐད་འབོད་དང་། ཡིག་ཆ་འགྲེམས་སྤེལ། ཞུ་སྙན་འབུལ་གཏུགས། ཟས་གཅད་ངོ་རྒོལ། ཞི་བའི་གོམ་བགྲོད། རྐང་འཁོར་དང་སྦག་སྦག་སྐོར་སྐྱོད། མར་མེའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣར་སྣེ་ལེན་དང་བོད་དོན་ངོ་སྤྲོད་ཞུ་འབོད་སོགས་གནང་ཡོད་པ་དང་། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ཐད་འབྱུང་བཞིའི་གནོད་ཚེ། ཐེབས་ཁུལ་ཁག་དང་། ནད་མནར་དབུལ་པོ། ཉམ་ཐག་གི་རིགས་སོགས་ལ་རོགས་རམ། ལམ་བཟོ་འཛུགས་སྐྲུན་དང་ཁོར་ཡུག་གཙང་བཟོ་སོགས་ཀྱིས་མི་མང་གི་འགྲོ་སྐྱོད་དང་འཕྲོད་བསྟེན་ལ་ཕན་བདེ་བསྐྲུན་ཐུབ་པ། དུས་འཁོར་དབང་ཆེན་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་ཁག་གི་སྐབས་སུ་ཡར་ྋརྒྱལ་བའི་སྐུ་སྲུང་གི་ཞབས་ཞུ་དང་། མར་མི་མང་གི་དཀའ་ཁག་སེལ་ཆེད་གསལ་བསྒྲགས་ཁང་སོགས་རོགས་རམ་སྡེ་ཚན་མང་པོ་གསར་འཛུགས་ཀྱིས་མི་མང་ལ་སྟབས་བདེར་བསྐྲུན་པ། གཞན་ཡང་རིག་གནས་སྲུང་སྐྱོབ་ཐད་ལོ་ལྟར་བོད་ཕྲུག་མཐོ་རིམ་སློབ་གཉེར་བ་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་དང་། རྩོམ་ཡིག གཞས་སྣ། རྩེད་རིགས་སོགས་འགྲན་བསྡུར། སློབ་ཡོན་རོགས་རམ། བོད་དོན་བགྲོ་གླེང་། གཏམ་བཤད་གོ་སྒྲིག གཞས་སྣ་འཁྲབ་སྟོན། རིག་གཞུང་འགྲེམས་སྟོན་སོགས་མི་རིགས་ཀྱི་རྩ་དོན་གཞི་རྩར་བཟུང་ནས་ད་བར་འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་འབྲེལ་བོད་དོན་འཐབ་རྩོད་ཐད་ནུས་ཤུགས་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེར་བརྟེན་དགྲ་བོ་རྒྱ་དམར་ནས་ཀྱང་གཞོན་ལྷན་སྒྲིག་འཛུགས་འདི་འཇིགས་སྐུལ་རིང་ལུགས་པ་ཞིག་དང་། མིག་ནང་གི་གྲ་མ་ལྟ་བུར་ངོས་ འཛིན་གྱིས་ད་བར་དངོས་ཤུགས་རྒྱུད་གསུམ་དང་ཐབས་བརྒྱ་བྱུས་སྟོང་གིས་གཞོན་ལྷན་གྱི་སྒྲིག་འཛུགས་འདིར་གཏོར་བཤིག་གཏོང་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཡོད་པ་མ་ཟད། ཕྱི་ནང་གི་འགལ་རྐྱེན་དུ་མ་ཞིག་འཕྲད་ཡོད་ཀྱང་གཞོན་ལྷན་དབུ་བརྙེས་པའི་མཛད་སྒོའི་ཐོག་སྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་བསྩལ་བའི་སྙིང་དོན་དུ། ༼དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་ནང་བཞིན་འགྱུར་བ་མེད་བའི་ཐོག་མདུན་ནས་མདུན་དུ་འགྲོ་ཐུབ་བ་ཞིག་དགོས། ༽ཞེས་པའི་བཀའ་སློབ་སྙིང་བཅངས་ཐོག་གཞོན་ལྷན་དབུས་ས་གཉིས་ཀྱི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་ལྷག་བསམ། སྙིང་སྟོབས་བཅས་ལ་བརྟེན་ནས་ད་བར་སྒྲིག་འཛུགས་འདི་བཞིན་སྲ་བརྟན་དུ་གནས་ཐུབ་པ་བྱུང་ཡོད། སླད་མར་ཡང་ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་བཞི་པོ་གཞིར་བཟུང་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུར་དམ་བཅའ་བརྟན་སྲུང་ཞུ་རྒྱུ་དང་། ལར་ནས་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་ནད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་སྐུ་གཟུགས་ལ་ཐུགས་ཅག་དང་རྒྱུན་དུ་འཕྲོད་བསྟེན་ཐད་ཐུགས་སྣང་ཡིད་གཟབ་གནང་རོགས་ཞུ་རྒྱུ་མ་ཟད། ད་ལྟའི་དུས་སྐབས་འདིར་རྒྱ་ནད་ཏོག་དབྱིབས་རིམས་ནད་དེས་རྐྱེན་པས་འཛམ་གླིང་མི་མང་གི་ཚེ་སྲོག་དང་དཔལ་འབྱོར་ལ་གྱོང་གུད་དང་བརྡབ་གསིག་ཚབ་ཆེན་བཟོས་ཡོད་པར་བརྟེན་འཛམ་གླིང་གི་གཞུང་སྒེར་ཚོགས་སྡེ་ཁག་ནས་རྒྱ་གཞུང་གི་བྱས་ཉེས་ངོས་འཛིན་གྱིས་ཁ་རྡུང་དྲག་པོ་བཏང་དང་གཏོང་བཞིན་པའི་སྐབས་འདིར། གོ་སྐབས་དམ་འཛིན་གྱིས་བོད་མི་སྤྱི་སྒེར་མང་དག་ཅིག་ནས་ཀྱང་རང་འགན་རང་འཁུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་གོ་སྐབས་དམ་འཛིན་གྱིས་བོད་མི་སྤྱི་སྒེར་ཚང་མས་ནུས་ཤུགས་གཅིག་སྒྲིལ་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།

གཞན་ཡང་ཕྱི་ལོ་༢༠༢༡་ལོའི་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་ཀྱི་རྩ་དོན་དང་མ་འོངས་པའི་བདེ་སྡུག་གཞི་རྩར་བཟུང་ཐོག་སྒྲིག་རང་འཁུར་སྡོམ་པ་རང་སྲུང་དང་། རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་མང་གཙོའི་ཁེ་དབང་ཡོངས་སུ་སྤྱོད་དགོས་པའི་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་དང་། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་དགེག་ལེན་ལྷུན་གྱིས་འགྲུབ་པའི་བཀྲིས་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་བསྟན་འཛིན་དགེ་བྱེད་མཆོག་གིས་བོད་ནང་གི་བོད་མིའི་གནས་སྟངས་དང་། རྒྱ་གཞུང་གིས་བོད་ནང་དུ་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་མཐུན་སྒྲིལ་ལ་གནོན་སྐྱོན་གཏོང་གི་ཡོད་སྐོར་སོགས་གསུངས་ནས་བོད་མི་རྣམས་ཀྱིས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྐུལ་མ་གནང་སོང་།

དེ་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་གནང་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བརྙན་ཐུང་བརྒྱུད་ནས་གསུང་བཤད་གནང་སོང་།

དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་དོན། ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་ཐོག་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད། སྤྱི་ཚོགས་ཞབས་ཞུ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་། ཁོར་ཡུག་བཅས་ཀྱི་ཐོག་ལ་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པས་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བཞིན་ཡོད། རང་ཉིད་ལྟ་བུར་མཚོན་ན་གཞོན་ནུ་ལྷན་ཚོགས་ནི་དོན་སྙིང་ལྡན་པའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་ཡིན་པ་རྟག་ཏུ་དྲན་བཞིན་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་སྐབས་༧གོང་ས་མཆོག་གིས་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་ཞུམ་པ་མེད་པར་རི་བཙུགས་པ་བཞིན་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང་། ཡང་༧གོང་ས་མཆོག་ནས་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་རང་བཙན་ཡིན་པ་ལྟར། ཁ་ཕར་རྒྱ་དམར་ལ་གཏད་དེ་རང་བཙན་རྩོད་དགོས་པ་ལས། ཁ་ཚུར་འཁོར་ནས་ནང་ཁུལ་རྩོད་པ་བརྒྱབ་ཚེ་ནང་ཁུལ་རྙོག་དྲ་སློང་རྒྱུའི་ཉེན་ཁ་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར། རྗེས་སུ་བོད་ཀྱི་རྩ་དོན་ཆེད་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་གནད་འགག་ཡོད་མེད་དང་། ཕུགས་ཀྱི་དགེ་ཕན་སྐྱོན་གནད་དང་བབ་བརླིང་བརྟན་གསུམ་ལ་དགོངས་པ་བཞེས་དགོས། ཞེས་སོགས་གསུངས་སོང་།

དེའི་རྗེས། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭངས་པོ་བསོད་ནམས་ནོར་བུ་མཆོག་གིས་གསུང་དོན། མི་ལོ་༥༠་ནང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པ་དང་། མུ་མཐུད་ནས་སྤེལ་བའི་གོ་སྐབས་ཡོང་གི་རེད། དམིགས་བསལ་རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་རེད། བོད་པའི་སྤྱི་ཚོགས་ཁག་ལ་ཞབས་ཞུ་ཞུ་བཞིན་ཡོད་པ་དང་། མུ་མཐུད་ནས་ཞབས་ཞུ་དགོས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་གནང་མཁན་ཁོང་བཞིར་བཀའ་དྲིན་ཞུ་རྒྱུ་དང་། ལྷག་པར་དུ་༸གོང་ས་མཆོག་ནི་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས་རྟག་ཏུ་བཀའ་དྲིན་ཞུ་དགོས། ཞེས་སོགས་གསུངས་སོང་།

དེ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་བརྙན་ཐུང་བརྒྱུད་ནས་གསུང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་དུ་བྱས་རྗེས་ཆེན་པོ་འཇོག་ཐུབ་མཁན་གྱི་ཚོགས་པ་ཞིག་ཡིན། རྒྱ་གཞུང་གིས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནུས་པ་ལྡན་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། དེ་ནི་དགའ་སྤོབས་སྐྱེས་དགོས་པ་ཞིག་རེད། རང་ཉིད་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་དུ་ས་གནས་ནས་དབུས་རྒྱུན་ལས་བར་དུ་ལས་ཀ་བྱས་མྱོང་ཡོད། རང་ཉིད་ལ་ཆ་བཞག་ན་འགོ་ཁྲིད་ཉམས་མྱོང་གི་ས་བོན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཏབས་པ་ལྟ་བུ་བྱུང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་༸གོང་ས་མཆོག་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད། ཐོག་མར་དབུ་བརྙེས་སྐབས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན། བཀའ་དྲིན་བཅས་ལ་བརྟེན་ནས་ཚོགས་པ་འདི་བཙུགས་པ་ཡིན་པར་ནམ་ཡང་བརྗེད་རྒྱུ་ཡོད་མེད། ཅེས་གསུངས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་དོན་ཐོག་ལས་འགུལ་མང་ཙམ་སྤེལ་རོགས་ཞུས་སོང་།

མཐའ་མར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པ་སོགས་ནས་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།