19
Fri, Apr

ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༢ཉིན། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྤྱི་ཚོགས་སྲ་བརྟན་དང་། འཐབ་རྩོད་རྒྱུན་སྐྱོང་། འཛིན་སྐྱོང་ཚགས་ཚུད། དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུའི་འབོད་སྒྲ་བསྒྲགས་ནས་སྲིད་སྐྱོང་འོས་མིར་བཞེངས་སོང་།

དེ་ཡང་། རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་། དེའི་སྐབས། ཁོང་གིས་གསུང་དོན། བོད་མི་སྤྱི་ཚོགས་ཡོངས་སུ་སྲ་བརྟན་ཡོང་ཐབས་དང་། བོད་རྒྱལ་གྲོལ་མོས་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ། བོད་མི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད། དེ་བཞིན་ཕྱི་རྒྱལ་ཁག་ནས་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དང་ཐོག ཁོང་གིས་གསུང་དོན། ད་བར་མི་ལོ་༣༣ ལྷག་གི་རིང་བོད་མིའི་སྤྱི་ཚོགས་ནང་ཕྱོགས་ལྷུང་མེད་པའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གི་ནང་དུ། ཆབ་སྲིད་དང་། འཛིན་སྐྱོང་། ཤེས་ཡོན། སྤྱི་ཚོགས་ཞབས་ཞུ། དེ་བཞིན་ལས་འཆར་བཟོ་བཀོད་སོགས་ཀྱི་འགན་ཁུར་བྱས་པའི་ཉམས་མྱོང་ཡོད། དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་། རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་སོགས་དང་འབྲེལ་ལམ་གནང་ཐད་ཀྱི་ཉམས་མྱོང་ཚད་ལྡན་ཡོད་སྐོར་གསུངས་སོང་།

གཞན་ཡང་། བོད་མི་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་ཁོང་སྲིད་སྐྱོང་ལ་ལངས་དགོས་པའི་རེ་འདུན་ཞུས་པ་དང་། ཁོང་རང་ངོས་ནས་ཀྱང་དེ་ལྟར་བོད་དོན་ཐོག་ཞབས་ཞུ་ཞུ་རྒྱུའི་ཐག་གཅོད་ཐོག་༢༠༢༡་ལོའི་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན། ཞེས་གསུངས་སོང་།

དེའི་རྗེས། ཁོང་གིས་སྤྱི་ཚོགས་སྲ་བརྟན་གྱི་ཐད་ནས་གསུང་དོན། བོད་མི་སྤྱི་ཚོགས་ཡོངས་སུ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན། དེ་བཞིན་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སུ། སྲི་ཞུ་ལས་བྱེད་རྣམས་སྦྱོང་བརྡར་གོ་སྒྲིག་དང་མཐུན་རྐྱེན་ལེགས་ཏུ་གཏོང་རྒྱུ་དང་། གཞིས་ཆགས་ཁག་གི་མཉམ་འབྲེལ་ཁག་དང་ཚོགས་སྡེ་ཁག དེ་བཞིན་ཉམ་ཐག་རྣམས་ལ་གཟིགས་རྟོགས། བུ་ཕྲུག་མང་པོ་ཡོད་པའི་ཁྱིམ་ཚང་ལ་དམིག་བསལ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་གསུངས་སོང་།

གལ་ཏེ། ཁོང་སྲིད་སྐྱོང་འོས་ཐོན་པ་ཡིན་ན་ཤེས་ཡོན་ཐོག་ནས་མ་འོངས་པར་ཇི་ལྟར་གནང་རྒྱུའི་ཡིན་པའི་སྐོར་གསུང་དོན། སློབ་གྲྭ་ཁག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སྡེ་ཚན་གཅིག་དང་། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྡེ་ཚན་གཅིག འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་དུ་དབྱེ་རྒྱུ་དང་། སློབ་གྲྭ་ཁག་གི་སློབ་མ་དང་མཐོ་སློབ་ཀྱི་སློབ་མ། ཉམས་ཞིབ་སློབ་མ་སོགས་ཀྱི་ཤེས་ཡོན་ཡར་རྒྱས་ཡོང་ཐབས་འབད་བརྩོན་དང་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་འཐབ་རྩོད་རྒྱུན་སྐྱོང་གི་ཐད་ནས་གསུང་དོན། བོད་རྒྱལ་གྲོལ་མོས་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན་པ་དང་། ཕྱི་རྒྱལ་ཁབ་ཁག་དང་། སྒྲིག་འཛུགས་ཁག་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་བརྒྱ་ལྷག་འཇོག་ཐུབ་ཡོད་པ་དེ་དག་རྒྱུན་སྐྱོང་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ། དེ་བཞིན་བོད་རྒྱ་གྲོས་མོལ་ཚོགས་ཆུང་དེ་ཉིད་ཀྱི་ངོ་བོ་དང་ལས་དོན་གནང་ཕྱོགས་ཐོག་བསྐྱར་ཞིབ་བྱ་རྒྱུ། ཞེས་སོགས་གསུངས་སོང་།

མཐའ་མར། དཔལ་འབྱོར་མཁོ་སྒྲུབ་ཐད་ནས་གསུང་དོན། ཕྱི་རྒྱལ་ཁག་ནས་དཔལ་འབྱོར་རོགས་སྐྱོར་གནང་མཁན་རྣམས་ནས་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་དང་། དེ་བཞིན་དཔལ་འབྱོར་ཐབས་འཚོལ་གྱི་ལས་གཞི་དགོས་མཁོ་དང་བསྟུན་ཏེ་དཔལ་འབྱོར་ཐོབ་ཐབས་བྱ་རྒྱུ་ཡིན་པ་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།