24
Sat, Oct

༢༠༢༠་ལོའི་ཟླ་༡༠་ཚེས་༡ཉིན། རྡ་སར་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༡ཉིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་ལོ་ངོ་༧༠་འཁོར་བའི་དུས་དྲན་ཉིན། རྡ་སའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་རྒྱ་གཞུང་གི་བཙན་དབང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། བོད་མིར་རང་དབང་དང་རང་བཙན་མ་ཐོབ་བར་དུ་ལས་འགུལ་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ཡིན། ཞེས་བརྗོད་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤོང་།

དེ་ཡང་། གོང་ཚེས་ཉིན། རྡ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བཅས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་མི་ལོ་ ༧༠ འཁོར་པའི་དུས་དྲན་ཉིན། རྒྱ་དམར་སྲིད་གཞུང་གི་འཁྱོག་བཤད་དང་བཙན་གནོན་འོག བོད་མི་གཙོས་འཛམ་གླིང་མི་མང་གི་ཚེ་སྲོག་འཕྲོག་སོང་། ཞེས་འབོད་ཚིག་འཁོད་པའི་མིའི་ཕུང་པོའི་གཟུགས་བཞག་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།

མིའི་ཕུང་པོའི་གཟུགས་བཞག་པའི་ངོ་རྒོལ་གྱི་ལས་འགུལ་འདི་ལྟར་སྤེལ་དགོས་དོན་ནི། བོད་ནང་དུ་ཡོད་པའི་བོད་མི་ས་ཡ་མང་པོ་རྒྱ་དམར་སྲིད་གཞུང་གི་ལག་འོག་ཏུ་བསྟུད་མར་ཚེ་སྲོག་ཤོར་བ་མཚོན་པའི་ཆེད་དུ་ཡིན་པ་དང་། གུང་ཁྲན་དམར་པོའི་སྲིད་གཞུང་བཙུགས་པ་ནས་ད་བར་ཚེ་སྲོག་ཤོར་བའི་ཉེས་མེད་མང་ཚོགས་ཆེད་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་གདུང་སེམས་མཉམ་སྐྱེད་དང་ཁོང་རྣམས་ལ་གུས་འདུད་ཡང་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

༢༠༢༠་ལོའི་ཟླ་ ༡༠ ཚེས་ ༡ ཉིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་པའི་ཉིན་མོ་ཟེར་བའི་བྱེད་སྒོ་ལ། བོད་མི་དང༌། ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་མི་མང་ཧ་ཅང་མང་པོས་རྒྱལ་ཁབ་ ༢༥ ནང་གི་གྲོང་ཁྱེར་ ༥༠ ལྷག་གི་ནང་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག

འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནང་དམར་ཤོག་སྲིད་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པར་བདའ་འདེད་དང་། སྐྱོན་བརྗོད། ངོ་རྒོལ་བཅས་བྱེད་དགོས་པའི་འབོད་སྐུལ་དང་། དེ་བཞིན་རྒྱ་དམར་སྲིད་གཞུང་གིས་རང་དབང་དང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་དྲག་གནོན་གཏོང་རྒྱུ་ཇེ་སྡུག་ཏུ་འགྲོ་བཞིན་པར། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ། མཉམ་འབྲེལ་གྱི་ཐོག་ནས་རྒྱ་དམར་སྲིད་གཞུང་ལ་ནུས་པ་ལྡན་པའི་བསྒྲགས་གཏམ་གསལ་པོ་ཞིག་ངེས་པར་དུ་སྤེལ་དགོས་པའི་དུས་ལ་བབ་ཡོད་ཅེས་འབོད་སྐུལ་ཞུས་སོང་།

རྒྱ་ནག་དམར་པོའི་སྲིད་གཞུང་འགོ་བཙུགས་ནས་ལོ་ངོ་ ༧༠ འཁོར་པའི་དུས་དྲན་ཟེར་བའི་ཉིན་དེ་ནི་བོད་མི་རྣམས་ཀྱི་ངོས་ནས་བཤད་ན། བོད་འདི་གདུག་རྩུབ་ཆེན་པོས་བཙན་བཟུང་བྱས་པའི་དྲན་སྐུལ་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་ཐུན་མོང་ཐོག་ལས་འགུལ་སྤེལ་ནས་རྒྱ་དམར་སྲིད་གཞུང་འགོ་བཙུགས་པའི་ཉིན་ལ་ངོ་རྒོལ་བྱེད་དགོས། ཞེས་བརྗོད་སོང་།

གཞན་ཡང་། རྒྱ་གར་སྲིད་གཞུང་གི་དེ་སྔའི་ནོར་འཁྲུལ་ཡོ་བསྲང་བྱེད་པའི་དུས་སུ་སླེབས་ཡོད་བས། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་འཚོལ་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུར། ཐོག་མར་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པ་ཁས་ལེན་གྱིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ༡༩༥༩ ལོར་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་གྱི་བཙན་བཟུང་འོག་ཏུ་གནས་ཡོད་པ་ཁས་ལེན་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།

མཐའ་མར། གོང་གི་ཚོགས་པ་ལྔ་ཡིས་འབོད་སྐུལ་དང་དམིགས་བསལ་དོན་ཚན་ཁག་ཅིག་ཞུ་སོང་བ་རྣམས་ནི།

༡༽ རྒྱ་དམར་སྲིད་གཞུང་གི་བཙན་གནོན་འོག་བོད་མི་གྲངས་ལས་འདས་པ་འཛིན་བཟུང་དང་ཉེས་མེད་ཁྲིམས་གཅོད་ཕོག་ཡོད་ཅིང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་དང་བཙན་བཟུང་བྱས་པའི་བོད་འདི་ཉིད་འཛམ་གླིང་ཐོག་བཀག་རྒྱ་ཆེ་ཤོས་དང་གཉའ་གནོན་ཆེ་ཤོས་ཀྱི་ས་ཆ་ཞིག་ཏུ་གྱུར་ཡོད།
༢༽ ཡུ་གུར་མི་རིགས་ཀྱི་མི་ཁྲི་བརྒྱ་ལྷག་རྒྱ་དམར་གྱིས་བཙོན་ཁང་དུ་ཉེས་མེད་བཙོན་འཇུག་བྱས་ཤིང༌། ཡ་ང་བའི་ཁྲིམས་ཆད་དང་སྡུག་སྐྱོང་མྱོང་བཞིན་ཡོད།
༣༽ རྒྱ་དམར་གཞུང་གི་གསར་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བའི་འོག་ཧོང་ཀོང་རང་དབང་ཤོར་བཞིན་ཡོད།
༤༽ སོག་ཡུལ་ལྷོ་ཕྱོགས་ཀྱི་རིག་གནས་དང་སྐད་རིགས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩ་བརླག་གཏོང་བཞིན་ཡོད།
༥༽ རྒྱ་མིའི་ཁྲིམས་རྩོད་པ་སྟོང་ཕྲག་མང་པོ་དང༌། བུད་མེད་ཐོབ་ཐང་ལས་འགུལ་བ་སོགས་ཚང་མ་རྒྱ་དམར་གཞུང་གིས་བཀག་ཉར་བྱེད་བཞིན་ཡོད། ༦༽ ཐེ་ཝན་ལ་བཙན་ཤེད་ཀྱིས་སྒོ་ནས་འཇིགས་སྐུལ་དང་བརྙས་བཅོས་བྱེད་བཞིན་པ། ༧༽ རྒྱ་དམར་དབང་འཛིན་སྲིད་གཞུང་གིས་རྒྱལ་མཚམས་འགལ་ནས་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་དང༌། ཨ་རི། ཡུ་རོབ་སོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་རྒྱ་དམར་གསང་ཉུལ་བ་སིམས་འཛུལ་གྱིས་སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་སྤེལ་བཞིན་པ་བཅས། མདོར་ན་རྒྱ་དམར་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་བྱ་སྤྱོད་དང་དྲིལ་བསྒྲགས་རྒྱལ་མཚམས་ལས་རྦད་དེ་བརྒལ་པའི་རྒྱ་དམར་གུང་ཁྲན་ཏང་གི་བཙན་འཛུལ་དང་སིམས་འཛུལ་ལ་བརྟེན་ནས་སྲིད་གཞུང་དང་ཁེ་ལས་པའི་སྒྲིག་འཛུགས། རྒྱལ་སྤྱིའི་སྒྲིག་གཞི་ཁག་དང་འགལ་བའི་ཟླ་ཤལ་གྱི་བྱེད་འབབ་དེ་དག་ལ་ངོ་རྒོལ་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། ང་ཚོ་བོད་མིར་རང་དབང་དང་རང་བཙན་མ་ཐོབ་བར་དུ་ལས་འགུལ་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ཡིན། བཅས་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།