16
Tue, Apr

༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་གནང་བའི་གསལ་བསྒྲགས་སྤེལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༨ཉིན། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ནི་ལོ་རྗེས་མའི་ཟླ་༡ཚེས་༣ཉིན་དང་། དངོས་གཞི་འོས་བསྡུ་ཆེན་མོ་ནི་ལོ་རྗེས་མའི་ཟླ་༤ཚེས་༡༡ཉིན་ཡིན་པར་དབུས་འོས་བསྡུ་ལྷན་ཁང་ནས་གསལ་བསྒྲགས་གནང་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་དང་། འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་མཆོག སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་བཅས་ནས་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཐོག་མར། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་གིས་གསུང་དོན། འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧པའི་ནང་གསེས་༤པའི་ནང་“དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་”ཞེས་པའི་དགོངས་དོན་བཞིན། དབུས་འོས་བསྡུའི་ལྷན་ཚོགས་ནས་འོས་གཞི་འདོན་ཕྱོགས་དང་འབྲེལ་བའི་སྒྲིག་གཞིའི་དོན་ཚན་ཁག་ལ་ཞིབ་འཇུག་གིས་ཕྱི་ལོ་༢༠༢༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན། གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུ། གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ་དེ་གཉིས་ལ་འོས་གཞིར་ཐག་གཅོད་ཞུས་པ་ཡིན། ཞེས་གསུངས་སོང་།

དེ་ནས་ཁོང་གིས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་གནང་ཟིན་པའི་ཐད་གསུང་དོན། ༢༠༢༡་ལོའི་ཟླ་༡་ཚེས་༣ཉིན། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་དུས་ཚེས་ཡིན། ༢༠༢༡ལོའི་ཟླ་༢་ཚེས་༨ཉིན། སྒྲིག་གསལ་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡ལོའི་ཟླ་༣་ཚེས་༢༡ཉིན། དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུ་ཡིན། དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱས་ཉིན་ནས་སྒྲིག་གསལ་ཉིན་གྲངས་༢༠འཇོག་རྒྱུ། ༢༠༢༡ལོའི་ཟླ་༤ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་ཆེན་མོའི་དུས་ཚེས། ༢༠༢༡ལོའི་ཟླ་༥ཚེས་༡༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དབུས་འོས་བསྡུ་འགན་འཛིན་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་གནང་བའི་ཐོག་གསུང་དོན། ༢༠༢༡ལོའི་ཟླ་༡ཚེས་༣ཉིན། བོད་མི་མང་སྤྱི་འཐུས་སྐབས་༡༧པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན། ༢༠༢༡ལོའི་ཟླ་༢་ཚེས་༨ཉིན། སྒྲིག་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༣ཚེས་༢༡ཉིན། དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་ཁག་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༤ཚེས་༡༡ཉིན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དངོས་གཞི་འོས་བསྡུ་ཆེན་མོ་ཡིན། ༢༠༢༡ལོའི་ཟླ་༥ཚེས་༡༤ཉིན། འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་དང་། དོ་བདག་སོ་སོར་བཀོད་རྒྱ་གཏོང་རྒྱུ། སྒྲིག་གསལ་ཉིན་གྲངས་༡༥འཇོག་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༥ཚེས་༢༩་ཉིན། འདེམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་ཆེད་བཞུགས་སྒར་དུ་འབྱོར་རྒྱུ་དང་། ༢༠༢༡ལོའི་ཟླ་༥ཚེས་༣༠ཉིན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དམ་བཅའ་འབུལ་བཞེས་མཛད་སྒོ་གནང་རྒྱུ། ཞེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།