21
Wed, Oct

སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢ཉིན། བཙན་བྱོལ་བོད་མིའི་མང་གཙོ་ཉིན་མོར་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ། བཅས་ཀྱི་འབོད་སྒྲ་བསྒྲགས་ནས་སྲིད་སྐྱོང་འོས་མར་བཞེངས་སོང་།

དེ་ཡང་། གོང་ཚེས་ཉིན། སྤེན་པ་ཚེ་རིང་ལགས་ཀྱིས་ངོ་དེབ་ཐད་གཏོང་བརྒྱུད་ནས་བརྗོད་དོན། ཐོག་མར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པར་སྒོ་གསུམ་གུས་ཕྱག་དང་། བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། དེ་རིང་བོད་ལྗོངས་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་ལོ་ངོ༌༦༠ ཧྲིལ་པོ་འཁོར་བའི་དུས་ཆེན་དང་བསྟུན་ནས། ང་རང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་ཞུ་གི་ཡོད།

སྲིད་སྐྱོང་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་ནི། སྤྱི་པའི་ལས་དོན་སྒྲུབ་སྐབས། ཕྱི་ནང་གི་རྐྱེན་སྣ་ཚོགས་ཤིག་འཕྲད་སྲིད་ཀྱང་། ངའི་མི་ཚེ་ཧྲིལ་པོ་བོད་སྤྱི་པའི་ཞབས་ཞུའི་ཐོག་འབུལ་རྒྱུའི་དམ་བཅའ་དེ་འགྱུར་བ་མེད་པར་བརྟན་པོར་གནས་ཡོད། སྤྱི་པའི་ཞབས་ཞུ་བསྒྲུབ་པ་ལ་གོ་གནས་ཡོད་མེད་ཁྱད་པར་མེད་ནའང་། ཕན་ནུས་འདོན་སྟངས་མི་འདྲ་བ་ཡོང་གི་ཡོད། ། སྲིད་སྐྱོང་གི་ལས་གནས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོར་བཞག་སྟེ་བོད་དང་བོད་མིར་སྲི་ཞུ་ཞབས་འདེགས་སྒྲུབ་པའི་ནུས་པ་ཐོན་ཆེ་ཤོས་ཀྱི་ལས་གནས་ཤིག་ཡིན། ། ངའི་ལོ་ནའི་བབ་དང་། གཟུགས་བབ་གནས་སྟངས། བསམ་བློའི་གནས་ཚད། ཉམས་མྱོང་། འཇོན་ཐང་བཅས་ཀྱི་ཆ་ནས་ཀྱང་སྲིད་སྐྱོང་ལས་གནས་ཐོག་ནུས་པ་འདོན་རྒྱུའི་དུས་ལ་བབས་ཡོད། ངའི་ལྷག་བསམ་དང་། ཉམས་མྱོང་། འཇོན་ཐང་། མི་གཤིས་བཅས་པར་རྒྱུས་མངའ་ཡོད་པའི་མི་སྣ་མང་པོ་ཞིག་གིས་ཀྱང་ང་རང་ཐེངས་འདིའི་སྲིད་སྐྱོང་འོས་གཞིར་ལངས་རྒྱུའི་རེ་བ་འཆང་གི་ཡོད། ངའི་ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་རིགས་ལམ་དང་འཆར་སྣང་ཁག་གིས་བོད་ཀྱི་རྩ་དོན་སྒྲུབ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ལ་ཕན་འབྲས་ངེས་ཅན་ཞིག་འདོན་ཐུབ་པའི་ཡིད་ཆེས་ཡོད། ཅེས་བརྗོད་སོང་།

ངའི་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ། ཀ༽ སྤྱི་སྙོམས་དྲང་བདེན། ཁ༽ ནུས་པ་མཉམ་སྤུངས། ག༽ གོམ་པ་མདུན་སྤོ་བཅས་འབོད་ཚིག་གསུམ་འདོན་གྱི་ཡོད། ཅེས་བརྗོད་སོང་།

དེ་ཡང་། སྤྱི་སྙོམས་དྲང་བདེན་ནི། ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་ཡོངས་སུ་རྫོགས་པའི་དམ་བཅའ་གཙོ་བོ་དེ་ཡིན་པ་དང་། སྲིད་ཇུས་དང་ལས་འཆར་ཚང་མ་དམ་བཅའ་འདི་ལས་མ་བརྒལ་བར་འཆར་སྒྲིག་ལག་བསྟར་ཞུ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་གཞི་ཁག་བརྩི་བཀུར་ཉམས་ལེན་བརྒྱུད། འཛིན་སྐྱོང་གི་བྱེད་སྒོ་རྣམས་ཕྱོགས་ལྷུང་ཕྱོགས་འཐེན་མེད་པ་དང་། ཕྱི་གསལ་ནང་གསལ། གྲུབ་འབྲས་གཙིགས་འཛིན། དྲང་པོ་དྲང་གཞག་ཡོང་བ་ཞུ་རྒྱུ་དེ་ཡིན།

ནུས་པ་མཉམ་སྤུངས་ནི། དམིགས་ཡུལ་མངོན་འགྱུར་ཡོང་བའི་ཐབས་ལམ་གཙོ་བོ་དེ་ཡིན་པ་དང་། ། ང་ཚོ་གནད་དོན་ཆུང་ཙག་ལ་ནང་ཁུལ་རྩོད་རེས་བྱས་ཏེ་གོང་བུའི་ནུས་པ་ཉམ་ཆག་ཕྱིན་ན། དེའི་གྱོང་གུན་ཕོག་མཁན་ང་ཚོ་རང་ཡིན་པ་མཁྱེན་དགོས་པ་དང་། ། མི་རེ་རེར་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་ཡོང་ངེས་ཡིན་པ་དང༌། དེ་ལྟར་ཡོང་ཆོག་གི་ཡོད་ནའང་། ང་ཚོར་མི་རིགས་ངོས་འཛིན་གྱི་ཐུན་མོང་གི་ལྟ་བ་ཞིག་ཡོད་པ་དེ་རྨང་གཞིར་བཟུང་སྟེ། བོད་ཀྱི་རྩ་དོན་ཐོག་མི་རེ་ངོ་རེའི་ནུས་པ་སྤུངས་ཐུབ་པ་ཡིན་ན། ཆུ་ཐིགས་བསགས་པའི་རྒྱ་མཚོའི་དཔེ་བཞིན་འབྲས་བུ་ཐོན་རྒྱུ་ཡིན་པས། ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལས་གཞི་ཡོད་དོ་ཅོག་ལ་བོད་ཀྱི་ཡུལ་མི་ཚང་མའི་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་གྲུབ་འབྲས་ཐོན་པའི་འབད་བརྩོན་གང་ཡོང་ཞུ་རྒྱུ།

གོམ་པ་མདུན་སྤོ་ནི། དམིགས་ཡུལ་ལྟེ་བ་དེ་ཡིན། ང་ཚོས་འདས་ཟིན་པའི་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་པ་དང་། ང་ཚོས་འཐུས་ཤོར་དང་ནོར་འཁྲུལ་བྱུང་བ་རྣམས་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་དུ་བསྒྱུར་རྒྱུའི་ཐབས་ཤེས་བསྟེན་དགོས་པ་ལས། གོམ་པ་ཕྱིར་བཤིག་བྱེད་ཐབས་མེད། ང་ཚོས་རྒྱལ་སྤྱི་དང་རྒྱ་ནག་གི་འཕེལ་འགྱུར་དང་བསྟུན་པའི་བོད་དོན་བདེན་མཐའ་གསལ་བའི་ཐབས་ཇུས་འཆར་སྒྲིག་བྱེད་དགོས་པ་དང༌། བོད་ཁྱོན་ཡོངས་ཀྱི་གནས་སྟངས་དང་། དེ་བཞིན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང༌། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་བོད་མི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་ཁག་གི་འགྱུར་འགྲོས་དང་བསྟུན་པའི་གོམ་པ་མདུན་སྤོ་བྱེད་ཐུབ་པ་ཡིན་ན། བོད་མི་རྣམས་དུས་རབས་ ༢༡ པ་འདིའི་ནང་མི་རིགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཐུབ་པའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་གི་ལེགས་ཆ་རྣམས་ཀྱིས་འགྲོ་བ་མི་སྤྱི་ཡོངས་ལ་ཕན་ཐོགས་བསྐྲུན་རྒྱུའི་དམིགས་ཡུལ་སྒྲུབ་པ་ལའང་མཐུན་འགྱུར་བྱེད་ཐུབ།

ངའི་ཆབ་སྲིད་དང་འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་རིགས་ལམ་དང་འཆར་སྣང་གི་ཞིབ་ཕྲའི་གནས་ཚུལ་རྣམས་བརྗོད་གཞི་རེ་རེ་དུས་ཚོད་གཏན་འབེབས་ཞུས་ཏེ། རིམ་པ་བཞིན་མང་ཚོགས་ལ་སྙན་གསེང་ཞུ་གི་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།