24
Sat, Oct

སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས། པར། བརྒྱུད་ལམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༠ཉིན། བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་དང་། དབུ་མ་དང་རང་བཙན་འཐབ་རྩོད་མཉམ་ཁྲིད། ཆོལ་ཁ་ཆིག་སྒྲིག་སྟོབས་ཤུགས། བཅས་འབོད་སྒྲ་བསྒྲགས་ནས་སྲིད་སྐྱོང་འོང་མིར་བཞེངས་སོང་།

དེ་ཡང་། བཀྲ་ཤིས་དབང་འདུས་ལགས་ཀྱིས་བརྙན་ཐུང་ཞིག་བརྒྱུད་ནས་གསུང་དོན། རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་མཆོག་མ་བཞུགས་པའི་ཉིན་མོ་ནས་བོད་ཀྱི་འཐབ་རྩོད་ཡལ་འགྲོ་ཡི་རེད་བསམ་ཀྱི་ཡོད། ང་ཚོ་ལོ་ན་གཞོན་པ་མང་པོ་ཞིག་ཡར་ལངས་ནས་བོད་བདེན་མཐའ་སེལ་ཐབས་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་སུ་ལས་འགུལ་སྤེལ་མཁན་དང་སྤེལ་ཐུབ་མཁན་ལངས་པ་ཡིན་ན། འདི་རང་བཞིན་གྱི་རྒྱ་གཞུང་ལ་བརྡ་ལེན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་རེད་བསམས་ཀྱི་འདུག དེར་བརྟེན། ངས་འགན་ཁུར་བའི་ཐོག་ནས་སྲིད་སྐྱོང་འོས་མིར་ལངས་ཀྱི་ཡོད། 

དེ་བཞིན་སྲིད་སྐྱོང་ལ་ཉམས་མྱོང་ཡོད་དགོས།། ངའི་མི་ཚེའི་ཕྱེད་ཀ་བོད་སྤྱི་པའི་ཞབས་ཞུ་ཞུས་ནས་སླེབས་པ་ཡིན། དེ་ཡང་ཐོག་མར་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་པ་དང། ལྡི་ལི་དོན་གཅོད་ཁང་གི་རྩིས་པ། ལྷོ་ཨྥ་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ། དེ་ནས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་དང། སྦེང་ལོར་ལྷོ་སྤྱི། ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་བཅས་མི་ལོ་བཅོ་ལྔ་ལྷག་ཞབས་ཕྱི་ཞུས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་མིའི་གཞིས་ཆགས་བཅོ་ལྔའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཅས་བྱས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཅེས་བརྗོད་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས་བརྗོད་དོན། ང་སྲིད་སྐྱོང་འོས་མིར་ལངས་ནས་འབོད་སྒྲ་གསུམ་ཡོད། དེ་དག་ནི་གཞིས་བྱེས་མཉམ་འཛོམས་དང་། འཐབ་རྩོད་མཉམ་ཁྲིད། ཆིག་སྒྲིག་སྟོབས་ཤུགས། བཅས་ཡིན། བོད་དོན་བདེན་མཐའ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ཐོག་འབད་རྩོད་བྱ་རྒྱུ་ཡིན། འཐབ་རྩོད་མཉམ་ཁྲིད་ནི། ད་ལྟར་ང་ཚོར་འཐབ་རྩོད་གཉིས་ཡོད། དབུ་མའི་ལམ་དང་རང་བཙན་རེད། སྐབས་ཤིག་ལ་བོད་བདེན་མཐའ་གསལ་ཐབས་བྱ་རྒྱུའི་ཚབ་ལ་བོད་པ་ནང་ཁུལ་འཁྲུག་བསྡད་པ་དེ་འདྲ་ཡོང་གི་འདུག དེ་ནི་ཐབས་སྐྱོ་བོ་མཐོང་གི་འདུག གལ་སྲིད་ང་སྲིད་སྐྱོང་སླེབས་པ་ཡིན་ན་ངས་དབུ་མའི་ལམ་དང་རང་བཙན་འཐབ་རྩོད་བྱེད་མཁན་གཉིས་ཀ་མཉམ་ཁྲིད་བྱེད་རྒྱུའི་ཐོག་ལ་འབད་བརྩོན་བྱ་རྒྱུ་ཡིན། འདི་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག དེ་བཞིན་ང་ཚོ་མང་གཙོའི་ལུང་པའི་ནང་དུ་ཡོད་པ་དང་མང་གཙོའི་གཞུང་ཞིག་ཡོད་དུས་མི་མང་གི་ཁྲོད་དུ་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཡོད་ཆོག་གི་རེད་ལ་ཡོང་དགོས་ཀྱི་རེད། ཆིག་སྒྲིག་སྟོབས་ཤུགས་ནི། གལ་སྲིད་ང་སྲིད་སྐྱོང་སླེབས་པ་ཡིན་ན། བོད་ཆོལ་ཁ་གསུམ་ཆིག་སྒྲིག་ཡོང་ཐབས་ཐོག་འབད་བརྩོན་བྱ་རྒྱུ་ཡིན། བོད་སྤྱིའི་འཐབ་རྩོད་ལ་བསམ་བློ་བཏང་ནས་ཆོལ་ཁ་ཆོས་ལུགས་དང་དབུ་མ་རང་བཙན་དོར་ནས་ཆིག་སྒྲིལ་བྱེད་དགོས་ཀྱི་འདུག དེའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་རེད། ཅེས་བརྗོད་སོང་།

མཐའ་མར་ཁོང་གིས་བརྗོད་དོན། བོད་དོན་བདེན་མཐའ་གསལ་ཐབས་ལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་དགོས་པ་གལ་ཆེན་པོ་རེད། དེ་བཞིན་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བྱ་རྒྱུ་དེ་རེད། དེ་ནས་གཞོན་སྐྱེས་ལ་ཤེས་ཡོན་ཚད་ལྡན་སྤྲོད་དགོས་པའང་གལ་ཆེན་པོ་རེད། གཞོན་སྐྱེས་ལ་ཤེས་ཡོན་ཚད་ལྡན་ཡོད་པའོ་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་དགོས། དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་རྒྱ་གྲོས་མོལ་གལ་ཆེན་པོ་རེད། གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན། དེ་ཚོའི་ཐོག་རྒྱས་པ་རིམ་པས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེང་མཁན་ནི། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། བཀྲ་ཤིས་སྟོབས་རྒྱས་ལགས་བཅས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།