21
Wed, Oct

༢༠༢༠་ལོའི་ཟླ་༩་ཚེས་༡༡ཉིན། བོད་ཀྱི་སྲིད་བྱུས་ཉམས་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༡༡་ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁག་ཅིག་གིས་ཏོག་དབྱིབས་གཉན་རིམས་༡༩་པ་དང་རྒྱ་ནག་དང་། བོད། རྒྱལ་སྤྱིའི་འབྲེལ་བའི་ཐོག་ནས་དཔྱད་རྩོམ་ཕྱོགས་བསྡུས་བྱས་པའི་དབྱིན་སྐད་དེབ་གསར་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། ཉམས་ཞིབ་དེའི་འགོ་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ། དེ་བཞིན་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་༡༩་པ་དེ་དང་འབྲེལ་ནས་རྒྱ་ནག་དང་རྒྱལ་སྤྱི། བོད་བཅས་ཀྱི་རྒྱལ་སྤྱིའི་གསར་ཁང་སོགས་ནས་དཔྱད་རྩོམ་ཕྱོགས་བསྡུས་གནང་བའི་ཐེམ་སྤང་ཁྲོད་ཀྱི་བསམ་ཞིབ(Lockdown Rumination)ཞེས་པའི་དཔེ་དེབ་གསར་བ་ཞིག་དབུ་འབྱེད་གནང་སོང་།

ཐོག་མར། ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་གནང་རྗེས། དེའི་སྐོར་ཁོང་གིས་བརྗོད་དོན། དཔེ་དེབ་འདི་ནི་ཏོག་དབྱིབས་གཉན་རིམས་༡༩་པ་དང་། རྒྱ་ནག བོད། རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐོག་ནས་དཔྱད་རྩོམ་ཕྱོགས་བསྡུ་བྱས་པ་ཞིག་རེད། དེའི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་༡༩་པ་འབྱུང་སྐབས། མི་མང་གི་སྨྲ་བརྗོད་རང་དབང་ག་ཚོད་བཀག་སྡོམ་བྱས་ཡོད་མེད་དང་། རྒྱལ་སྤྱིའི་ཐོག་ནས་ནད་ཡམས་དེའི་འབྱུང་ཁུངས་ལ་རྟག་དཔྱད་བྱེད་རྒྱུར་བཀག་སྡོམ་བྱས་ནས་དངོས་ཡོད་གནས་ཚུལ་རྣམས་སྦས་གསང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ཏོག་དབྱིབས་གཉན་རིམས་༡༩་པ་བྱུང་ནས་འཛམ་གླིང་ལ་གོ་ཆགས་ཆེན་པོ་བཟོས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ལྟ་སྟངས་འགྱུར་བ་ཕྱིན་ཡོད། རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་སྔོན་ལས་དོ་སྣང་མང་བར་སྤྲོད་ཀྱི་ཡོད། ད་ལྟར་བར་བོད་མི་ཚོས་རྒྱ་གཞུང་གི་རང་གཟུགས་ངོ་མ་ག་འདྲ་ཡོད་མིན་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོ་ངོ་༦༠་རིང་ཞུས་ཡོད། ད་ལྟར་ཁོ་ཚོས་དངོས་སུ་ཤེས་རྟོགས་བྱུང་ཡོད། དེར་བརྟེན། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ངེས་པར་དུ་འགྱུར་བ་གཏོང་དགོས་འདུག་བསམས་པའི་བསམ་བློ་ཡོང་བཞིན་ཡོད། རྒྱ་ནག་ནང་དུ་ཞི་ཅིང་ཕིང་ལ་ངོ་རྒོལ་དང་། ནང་འཁྲུལ་འབྱུང་བའི་ཉེན་ཁ་འཕྲད་སྐབས། དེ་ལྟར་མི་འབྱུང་བའི་ཆེད་དུ་རྒྱ་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་ཀྱི་རྙོག་དྲ་བཟོས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས། དཔེ་དེབ་ཕྱོགས་སྒྲིག་གནང་མཁན་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་དཔྱད་རྩོམ་འདི་དག་མང་ཆེ་ནི་རྒྱལ་སྤྱིའི་གསར་ཁང་ནས་གསར་འགྱུར་དང་དཔྱད་རྩོམ་ལས་གཞི་བཞག་ཐོག་ནས་བྲིས་པའི་དཔྱད་རྩོམ་ཕྱོགས་བསྡུས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དཔེ་དེབ་དེའི་ནང་དུ། ཁྱོན་དཔྱད་རྩོམ་༡༥་འདུག དེ་དག་ནི། ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱི་དཔྱད་རྩོམ་རྒྱ་ནག་ཝུ་ཧན་གྲོང་འཁྱེར་ནང་དུ་ཏོག་དབྱིབས་ནད་དུག་ཐོག་པ་ཁྱབ་གདལ་བྱུང་བ་དང་རྒྱ་གཞུང་གི་གདོང་ལེན་བྱེད་ཚུལ། ཞེས་པ་དང་། ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟེན་ལགས་ཀྱི་དཔྱད་རྩོམ་ཞི་ཅིང་ཕིང་དང་པེ་ཅིང་དུ་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་༡༩་པ་བསྐྱར་ལང་བརྒྱབ་པ། ཞེས་པ་དང་། ཉམས་ཞིབ་པ་བསྟན་འཛིན་དབང་གྲགས་ལགས་ཀྱི་དཔྱད་རྩོམ་རྒྱ་ནག་དང་ཏོག་དབྱིབས་གཉན་རིམས་༡༩་པ། ད་ལྟར། འདས་པ། མ་འོངས། ཞེས་པ་དང་། ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟེན་ལགས་ཀྱི་དཔྱད་རྩོམ་ཝུ་ཧན་ཏོག་དབྱིབས་གཉན་རིམས་༡༩་པ་དང་བོད་ནང་གི་གནས་སྟངས་ལ་སེམས་འཁུར་སྐྱེས་བཞིན་པ། ཞེས་པ་དང་། ཉམས་ཞིབ་པ་བཀྲ་ཤིས་ཆོས་སྒྲོན་ལགས་ཀྱི་དཔྱད་རྩོམ་ཏོག་དབྱིབས་གཉན་རིམས་༡༩་པ་ཁྲོད་ཀྱི་བཙན་བྱོལ་བོད་མི། ཞེས་པ་སོགས་རེད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།