24
Sat, Oct

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠ལོའི་ཟླ་ ༩ ཚེས་ ༩ ཉིན། ༸གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་བྱིས་པ་ཚོར་ཐོབ་ཐང་འདྲ་མཉམ་བསྐྲུན་ཞེས་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་སྩལ་དོན། འཛམ་གླིང་གཅེས་སྐྱོང་བྱེད་པ་ནི་རང་ཉིད་ལ་གཅེས་སྐྱོང་བྱེད་པ་དང་གཅིག་མཚུངས་ཡིན། ཞེས་བཀའ་སྩལ་འདུག

དེ་ཡང་། ཟླ་འདིའི་ཚེས་༩་དང་༡༠་བཅས་ཉིན་གྲངས་གཉིས་རིང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་དྲ་ཐོག་ནས་བྱིས་པ་ཚོར་ཐོབ་ཐང་འདྲ་མཉམ་བསྐྲུན(Fair Share for Children)ཞེས་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་འདུག

དེའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། མ་འོངས་པ་ནི་ང་ཚོའི་ལག་ཏུ་ཡོད། ད་ལྟའི་དུས་རབས་ཀྱི་བྱིས་པ་ཚོ་ནི་མ་འོངས་པའི་འཛམ་གླིང་ལ་ལྟ་སྐྱོང་བྱེད་མཁན་ཡིན། འཛམ་གླིང་ལ་གཅེས་སྐྱོང་བྱེད་པ་ནི་རང་ཉིད་ལ་གཅེས་སྐྱོང་བྱེད་པ་དང་གཅིག་མཚུངས་ཡིན། སའི་གོ་ལའི་སྤྱི་ཡོངས་ཀྱི་ཚ་དྲོད་འཕེལ་བར་བརྟེན་ནས། ང་ཚོའི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད།

ངོས་ཀྱི་བསམ་པར་དུས་རབས་༢༠་དང་༢༡་བར་བསྡུར་ན། དུས་རབས་༢༠་ནང་དུ་འཚེ་བ་མང་བར་བྱུང་ཡོད་པ་དང། དུས་རབས་༢༡་ནང་དུ་འཚེ་བ་བྱུང་བ་ཉུང་ཉུང་ཡིན། འཛམ་གླིང་ས་ཕྱོགས་གང་དུ་གནས་པའི་མི་རྣམས་ཀྱི་འཛམ་གླིང་ཞི་བདེ་ཞེས་པའི་ཚིག་འདིར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། དུས་རབས་སྔོན་མར་འཛམ་གླིང་ཞི་བདེ་ཞེས་པའི་ཚིག་འདི་བེད་སྤྱོད་ཉུང་ཉུང་ལས་བཏང་མེད། དེར་བརྟེན། བྱིས་པ་ཁྱོད་ཚོ་ནི་དུས་རབས་འདིའི་མི་རབས་གཙོ་བོ་དེ་ཆགས་ཡོད། ཁྱོད་ཚོས་མ་འོངས་པའི་འཛམ་གླིང་འཛུགས་བསྐྲུན་བྱེད་ཀྱི་རེད། ཁྱོད་ཚོས་འཛམ་གླིང་ལ་དངོས་གནས་ཞི་བདེ་བསྐྲུན་ཐུབ་ཀྱི་རེད།

གཞོན་སྐྱེས་ཚོས་ངེས་པར་དུ་དབུལ་ཕྱུག་གཉིས་ཀྱི་ཁྱད་པར་དོ་སྣང་མང་ཙམ་སྤྲོད་རོགས། འདི་ནི་ངོས་ཀྱིས་སེམས་ཁུར་བྱེད་ས་གཙོ་བོ་གཅིག་ཡིན། ཁྱོད་ཀྱིས་རང་ཉིད་སྤྱི་ཚོགས་རིགས་ལུགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རུང་མེད་རུང་། ང་ཚོས་འགྲོ་བ་མིར་བསམ་བློ་གཏོང་དགོས། དམིགས་བསལ་དབུལ་པོ་ཚོར་བསམ་བློ་གཏོང་དགོས། ཁོ་ཚོར་དངོས་གནས་རོགས་རམ་དགོས་ཀྱི་ཡོད། དབུལ་པོ་ཚོས་སངས་རྒྱས་བཅོམ་ལྡན་འདས་དང་། ཁ་ཆེའི་སྟོན་པ་ཨ་ལ། དཀོན་མཆོག་ཁོ་ནར་སྨོན་ལམ་དང་གསོལ་བ་བཏབ་པ་ཙམ་གྱི་འདང་གི་མ་རེད། ང་ཚོས་ངེས་པར་དུ་འབད་བརྩོན་བྱེད་དགོས། ཇི་ལྟར་དབུལ་ཕྱུག་བར་གྱི་ཁྱད་པར་མེད་པ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས། གཞོན་སྐྱེས་ཚོས་ངེས་པར་དུ་འདི་སེམས་ལ་བཞག་རོགས། ཞེས་བཀའ་སློབ་སྩལ་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།