24
Sat, Oct

༢༠༢༠་ལོའི་ཟླ་༩་ཚེས་༥ཉིན། ༸གོང་ས་མཆོག་གིས་ཨེ་ཤི་ཡའི་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༥ཉིན། དེང་སང་འཛམ་གླིང་འདིའི་ཐོག་སེམས་ཀྱི་ཞི་བདེ་མེད་པའི་དཀའ་ངལ་ཡོང་གི་ཡོད། སེམས་ཀྱི་ཞི་བདེ་ནི་ཚོང་ཁང་ནས་ཉོ་མི་ཐུབ་ལ་ཚན་རིག་པས་འཕྲུལ་འཁོར་སྤྱད་ནས་བཟོ་བ་དང་། དེ་བཞིན་སྨན་གྱི་ཐོག་ནས་བཟོ་རྒྱུ་ཡོད་མ་རེད། དེར་བརྟེན། སེམས་ཀྱི་ཞི་བདེ་ཡོང་བར་སེམས་བཀྲུག་མཁན་གང་རེད་འདུག་གམ། དེའི་ལྡོག་ཕྱོགས་ནས་གཉེན་པོ་གང་བརྟེན་དགོས་པ་ཤེས་དགོས། དེའི་སྐོར་ནང་པའི་གཞུང་ལུགས་ཁག་གི་ནང་དུ་ཧ་ལས་པ་གསུངས་ཡོད། དེར་བརྟེན། ནང་པའི་སེམས་ཁམས་རིག་པའི་སྐོར་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་༸གོང་ས་མཆོག་གིས་བཀའ་སྩལ་སོང་།

དེ་ཡང་། ཟླ་འདིའི་ཚེས་༤ཉིན། བཞུགས་སྒར་རྡ་ས་༸རྒྱལ་བའི་བཞུགས་གནས་ནས་ཐག་གཏོང་བརྒྱུད་ནས། ལྷོ་ཨེ་ཤི་ཡའི་དད་ལྡན་མང་ཚོགས་ལ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱས་སྲས་ལག་ལེན་སོ་བདུན་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་། དེའི་སྐབས། ༸གོང་ས་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ ༢༥༠༠ ལྷག་ཕྱིན་པ་རེད། དེང་སྐབས་ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་དང་། མི་མང་པོ་ཞིག་རྣམ་གཡེང་ཐོག་འགྲོ་བཞིན་པའི་སྐབས་འདིར་སྤྱིར་འཛམ་གླིང་འདིའི་སྟེང་རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་གིས་མིའི་སེམས་ལ་ཞི་བདེ་སྤྲོད་རྒྱུ་དང་། བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་ཆོས་ལུགས་ཚང་མ་ཕན་ཐོགས་ཡོད། སྐབས་སུ་བབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པ་དེ་བཅོམ་ལྡན་འདས་པའི་ཆོས་ཀྱི་རྨང་གཞི་རེད། པཱ་ལི་དང་ལེགས་སྦྱར་གྱི་གཞུང་ཡིན་ནའང་རེད། གང་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་གསུངས་ནས་ང་ཚོས་མི་འདོད་པའི་སྡུག་བསྔལ་འདི་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རྒྱུ་དེ་ཇི་ལྟར་ཡིན་པ་བརྟག་དཔྱད་བྱེད་དུས་སེམས་ཁམས་རིག་པའི་ཐོག་ནས་ཆགས་སྡང་གི་བློ་ཡིས་སྡུག་བསྔལ་གཙོ་བོ་ཡོང་གི་ཡོད། ཆགས་སྡང་དེ་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞེས་གསུང་གི་ཡོད།

གལ་ཏེ་ང་ཚོར་ཉམས་མྱོང་ཡོད་ན་ཚོད་དཔག་ཐུབ་ཀྱི་རེད། ཆགས་སྡང་ནི་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་གི་དབང་གིས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ། ཡུན་རིང་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་དུ་ཞེན་པ་ལ་བརྟེན་ནས་ཆགས་སྡང་གི་བློ་སྐྱེ་ཡི་ཡོད་པ་ཧ་ཅང་གསལ་པོ་རེད་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཞེས་པ་ནི། འཚོལ་ཞིབ་བྱས་ནས་བསམ་བློ་ཡག་པོ་བཏང་བ་ཡིན་ན། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ཞེས་པའི་ནང་ནས་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་རེད། ཉོན་མོངས་དུག་གསུམ་ཞེས་གསུང་བཞིན་པ་འདི་རྩ་བ་ཐུག་ས་ནི། གཏི་མུག་བདེན་འཛིན་ལ་ཐུག་གི་ཡོད། ཤེས་རབ་སྙིང་པོའི་ནང་བཅོམ་ལྡན་འདས་ཀྱི་བདེན་པ་བཞིའི་ནང་ནས་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་ཞེས་པ་འདི་འགྲེལ་བཤད་ཞིབ་ཚགས་པོ་བརྒྱབ་ནས་འགོག་བདེན་ཞེས་པ་ཐོབ་ཐུབ་ཀྱི་རེད།

གཙོ་བོ་ཤེར་ཕྱིན་གྱི་གཞུང་ལ་བརྟེན་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་བསམ་བློ་བཏང་ནས་ཆགས་སྡང་གི་རྩ་བ་བདེན་འཛིན་ཡིན་སྟབས། དེ་མེད་པ་བཟོ་ཐུབ་པ་ཤེས་རབ་སྙིང་པོའི་ནང་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་འདིས་སེམས་ལ་འགྱུར་བ་བཏང་ནས་རིམ་པས་ཉོན་མོངས་ཀྱི་བློ་དེ་དག་རྩ་བ་མ་རིག་པ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ཡིན་ལུགས་ཕྱིན་ཅི་ལོག་གི་ལྟ་ཚུལ་ཞིག་གི་ཐོག་ནས་ཆགས་སྡང་གི་བློ་ཡོང་གི་ཡོད། ཡིན་ལུགས་ཇི་བཞིན་ཤེས་པ་ཡིན་ན། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་བློ་སྐྱེ་རྒྱུའི་གཞི་མེད། དེང་སྐབས་ཚན་རིག་པའི་ལྟ་གྲུབ་ནང་ཚད་རྡུལ་དངོས་ཁམས་རིག་པ་ (quantum physics) སྐོར་བཤད་ཀྱི་ཡོད། སྣང་ན་མི་མཐུན་པ་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཏག་ཏག་གསལ་བོ་བཤད་ཀྱི་འདུག སྣང་བ་ལྟར་གྲུབ་མེད། ཤེས་རབ་སྙིང་པོའི་ནང་ཟབ་མོ་སྟོང་པ་ཉིད་ཅེས་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྐོར་གསུངས་པ་འདིས་ཆད་མཐའ་སྐུར་འདེབས་ཀྱི་ལྟ་བ་སེལ་རྒྱུ་དང་། ཡོད་མཐའ་རྟག་མཐའ་སེལ་རྒྱུ་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་ཐོག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱིས་གསལ་ཡོང་གི་འདུག ཧ་ཅང་ཟབ་པོ་རེད་འདུག

ཨེ་ཤི་ཡའི་ཡུལ་གྲུ་རྒྱ་ནག་དང་། ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་། པཱ་ལིའི་གཞུང་གི་རྗེས་འབྲང་འབར་མ་དང་། ཐེ་ལེནྜི་སོགས་ཧ་ལམ་ཨེ་ཤི་ཡའི་ས་ཁུལ་ཡོངས་རྫོགས་ལ་སངས་རྒྱས་པའི་ཆོས་ཁྱབ་པ་རེད་འདུག ངོས་ཀྱིས་གོང་དུ་བརྗོད་པ་ལྟར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད་པ་མ་ཟད། མི་ལ་ཕན་གྱི་ཡོད། འོན་ཀྱང་རིགས་པའི་ཐོག་ནས་བསམ་བློ་བཏང་སྟེ་ཕྱིན་པ་ཡིན་ན། ནང་པའི་ཆོས་འདི་པཱ་ལི་གཞི་ལ་བཞག་ནས་རིམ་པས་རྒྱ་གར་ནང་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་ཤུགས་ཆེ་རུ་ཕྱིན་ཏེ། ལེགས་སྦྱར་སྐད་ནི་ཤེས་ཡོན་ཅན་གྱི་སྐད་ཡིག་ཅིག་ཆགས་ཡོད་པ་འདིའི་ཐོག་ནས་ནང་ཆོས་གོང་འཕེལ་བཏང་ནས་བཅོམ་ལྡན་འདས་ཀྱི་གསུངས་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་འདི་རྩ་བར་བཞག་ནས་རིགས་པའི་ལམ་གྱི་ཐོག་ནས་དཔྱད་པ་ཞིབ་ཚགས་པོ་བྱས་ནས་མདོར་ན་ནཱ་ལེནྡྲའི་འགྲོ་སྟངས་འདི་རིགས་པས་དཔྱད་པ་བྱེད་རྒྱུ་གཙོ་བོ་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ནའང་རིགས་པས་དཔྱད་ཡོང་དུས་ཕྲན་བུ་མི་བདེ་བ་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དྲང་དོན་དགོངས་པ་ཅན་རེད། ངེས་དོན་མ་རེད་ཅེས་དབྱེ་བ་ཕྱེས་ཡོང་གི་འདུག

སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཆོས་སྐོར་དང་པོ་གསུངས་པ་ནི་རྨང་གཞི་རེད། ཤེར་ཕྱིན་སོགས་གསུང་རྒྱུ་འཁོར་ལོ་བར་པས་རིགས་པས་བསྒྲུབ་རྒྱུ་ཤུགས་ཆེན་པོ་གསུངས་ཏེ་དེང་སྐབས་སངས་རྒྱས་པས་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་རྒྱུ་འདི་ཚན་རིག་པས་དཔྱད་པ་བྱེད་རྒྱུ་དང་ཧ་ཅང་མཐུན་པོ་རེད་འདུག ང་ཚོས་མཐོང་བ་མངོན་གྱུར་ཞེས་པ་ནི་མཐོང་དུ་ཡོད་པ་འདི་རེད། ཚན་རིག་པས་ཀྱང་འདི་བཤད་ཡོང་གི་ཡོད་པ་རེད། དེ་ནས་རིགས་པས་དཔག་ཡོང་སྐབས་ཅུང་ཟད་ལྐོག་གྱུར་སྟོང་པ་ཉིད་ཀྱི་དོན་ལྟ་བུ་དང་། སྐད་ཅིག་སྐད་ཅིག་གིས་འཇིག་པའི་བདག་ཉིད་ཀྱི་མི་རྟག་པ། གང་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་ཐོག་ནས་བསམ་བློ་བཏང་ཡོང་སྐབས་རྟེན་ནས་བཏགས་པའི་རྟེན་འབྱུང་གི་ཐོག་ལ་རིགས་པས་གཏན་ལ་ཕབ་ཡོང་གི་འདུག ཅེས་སོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་བཞིན་ཆོས་དད་མེད་མཁན་གྱིས་ཀྱང་ཆོས་ཀྱི་ཁུངས་སུ་མ་བཞག་པར་ཤེས་ཡོན་གྱི་ཁུངས་སུ་བཞག་ནས་སློབ་སྦྱོང་གནང་ན་ཕན་ཐོགས་ཡོད་པ་ཞིག་ཡིན། ཞེས་གསུངས་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༥ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་གྱི་སྐོར་ལ་ལམ་སྟོན་བཀའ་སྩལ་དོན། དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་གལ་ཆེན་པོ་འདུག འཛིན་གྲྭའི་ནང་དུ་ཡོད་པའི་ཕྲུ་གུ་ཚོས་མི་ཚེ་ཡག་པོ་ཡོང་བའི་དོན་དུ་དེར་སློབ་སྦྱོང་བྱེད་ཀྱི་ཡོད། དགེ་རྒན་གྱིས་ཕོགས་ཟ་ཐུབ་ཙམ་མིན་པར་བསམ་བློའི་ནང་དུ་དངོས་གནས་ཤ་ཚ་བྱས་ཏེ་ཕྲུ་གུ་ཚོའི་མི་ཚེ་གང་བོར་ཡག་པོ་ཡོང་བར་སེམས་ཁུར་ཞིག་ཡོད་པ་བྱེད་རྒྱུ་ལས་སེམས་ཁུར་མེད་པར་ཕྱིན་ན་དགེ་ཕྲུག་ཕྲུ་གུ་ཚོའི་ངོས་ནས་ཀྱང་གུས་ཞབས་སླེབས་ཀྱི་མ་རེད། དེར་བརྟེན། ཚུར་གུས་ཞབས་སླེབས་པ་ལ་ཕར་ཤ་ཚ་དགོས་པ་རེད།

སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཞིག་ཡིན་ན་གཞན་ལ་བརྩེ་བ་དང་། གཞན་ལ་བརྩེ་བ་དེའང་འདོད་ཆགས་དང་འབྲེལ་བའི་བློ་རྒྱ་ཆུང་ཆུང་མིན་པར་ཕྲུ་གུ་དེའི་རིག་པ་ཇི་འདྲ་ཡོད་པ་དང་། མ་འོངས་པར་ཕྲུ་གུ་དེས་མཐོ་རིམ་སློབ་སྦྱོང་བྱེད་དུས་གང་གི་སྟེང་དུ་ཕྱིན་ན་ཡག་པོ་ཡོད་པ་ལ་དགེ་རྒན་གྱིས་ཞིབ་འཇུག་བྱེད་དགོས་པ་ཞིག་འདུག ཕྲུ་གུ་ཁོ་རང་གི་ཁམས་དང་མོས་པ་ལ་བལྟ་ཡོང་སྐབས་དམིགས་བསལ་གྱི་སློབ་སྦྱོང་འདིའི་སྟེང་དུ་བྱེད་ན་ཡག་པོ་འདུག་ཅེས་དགེ་རྒན་གྱིས་སློབ་སྟོན་བྱ་རྒྱུ་གལ་ཆེན་པོ་འདུག ཕྲུ་གུའི་སློབ་སྦྱོང་ཡག་པོ་ཡོང་བ་ལ་དགེ་རྒན་གྱིས་སེམས་ཁུར་བླངས། དགེ་ཕྲུག་གིས་ཀྱང་རྒན་གྱི་ཁ་ལ་ཉན་པོ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད།

ཆོས་ཕྱོགས་ལ་ཐོག་ལ་སླེབས་ཡོང་སྐབས་སྔོན་ལ་དགེ་བའི་བཤེས་གཉེན་དེ་མཚན་ཉིད་ཚང་བ་ཞིག་དགོས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།། ཞེས་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ཞིག་དགོས་ཀྱི་ཡོད། བླ་བྲང་ཆེན་པོ་ཡོད་པ་དང་ཁྲི་མཐོན་པོ་ཡོད་པ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད། རྗེ་རིན་པོ་ཆེས། རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ།། འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་སོ།། ཞེས་གསུངས་པ་དང་། དེ་ཅི་ཞིག་རེད་ཅེ་ན། མདོ་སྡེ་རྒྱན་གྱི་ནང་། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཞེས་པས་བསླ་པ་གསུམ་གྱི་ཉམས་ལེན་དང་། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་ཅན་གྱི་བླ་མ་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་སོགས་བཀའ་སློབ་དང་། ལག་ལེན་སོ་བདུན་མའི་གསུང་ཆོས་འཕྲོ་སྐྱོང་དང་། ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བཀའ་དྲིན་སྩལ་རྗེས་ཆོས་ཞུ་བའི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་སྩལ་སོང་།

ཟླ་འདིའི་ཚེས་༦ཉིན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་ཐོག་ཆོས་ལུགས་འདྲ་མིན་ཡོད་ཀྱང་། ཆོས་ལུགས་ཚང་མས་བྱམས་བརྩེ་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་གསུང་ཀྱི་ཡོད། མི་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བར་བརྟེན་ནས་ཆོས་ལུགས་འདྲ་མིན་ཡོད། གཙོ་བོ་མི་ཡ་རབས་དང་སེམས་བཟང་པོ་བྱེད་དགོས་པའི་སྐོར་རེད། དེར་བརྟེན། ཆོས་ལུགས་མཐུན་སྒྲིལ་བྱེད་དགོས་ཧ་ཅང་གལ་ཆེན་པོ་རེད། གཞན་ཡང་། དེང་སང་འཛམ་གླིང་འདིའི་ཐོག་སེམས་ཀྱི་ཞི་བདེ་མེད་པའི་དཀའ་ངལ་ཡོང་གི་ཡོད་རེད། སེམས་ཀྱི་ཞི་བདེ་ནི་ཚོང་ཁང་ཉོ་མི་ཐུབ་ལ་ཚན་རིག་པས་འཕྲུལ་འཁོར་སྤྱད་ནས་བཟོ་བ་དང་། དེ་བཞིན་སྨན་གྱི་ཐོག་ནས་བཟོ་རྒྱུ་ཡང་ཡོད་མ་རེད། དེར་བརྟེན། སེམས་ཀྱི་ཞི་བདེ་ཡོང་བར་སེམས་བཀྲུག་མཁན་གང་རེད་འདུག་གམ། དེའི་ལྡོག་ཕྱོགས་ནས་གཉེན་པོ་གང་བརྟེན་དགོས་པ་ཤེས་དགོས། ནང་པའི་གཞུང་ཁག་གི་ནང་དུ་སེམས་ཁམས་རིག་པའི་ཐོག་གསུངས་ཡོད་པ་རྣམས་ཧ་ལས་པ་རེད། དེར་བརྟེན། ནང་པའི་སེམས་ཁམས་རིག་པའི་སྐོར་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། ངོས་ཀྱིས་རྒྱུན་དུ་སེམས་ཁམས་འཕྲོད་བསྟེན་དང་ལུས་ཀྱི་འཕྲོད་བསྟེན་ཐོག་བཤད་ཀྱི་ཡོད། ལུས་ཀྱི་འཕྲོད་བསྟེན་ཐོག་ནས་ཚན་རིག་པ་ཚོས་བརྟག་དཔྱད་བྱས་ནས་ཡར་རྒྱས་འགྲོ་བཞིན་པ་རེད། སེམས་ཀྱི་འཕྲོད་བསྟེན་ཐོག་ཚན་རིག་པ་ཚོས་དེ་ཙམ་ཤེས་ཀྱི་མེད། དེ་འདྲ་སོང་ཙམ། སེམས་ཁམས་རིག་པ་དང་འབྲེལ་བའི་སྐོར་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་མང་ཙམ་བྱས་ནས་བྱམས་བརྩེ་གལ་ཆེན་པོ་ཡིན་པར་བརྗོད་ཡོད། དེང་སང་ཚད་རྡུལ་དངོས་ཁམས་རིག་པས་ཀྱང་བྱམས་བརྩེ་གལ་ཆེན་ཡིན་པར་ངོ་འཛིན་བྱེད་ཀྱི་ཡོད། ཅེས་སོགས་གསུངས་རྗེས་རྒྱས་སྲས་ལག་ལེན་སོ་བདུན་གསུང་ཆོས་དབུ་འཛུགས་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།