22
Thu, Oct

༢༠༢༠་ལོའི་ཟླ་༧་ཚེས་༦་ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་སྐབས། པར། བསྟན་འཛིན་ཕན་བདེ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༦་ཉིན། ༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་དག་ཡུལ་ལུང་སོ་སོའི་གནས་བབ་དང་བསྟུན་ནས་རྒྱ་གར་གཙོས་པའི་རྒྱལ་ཁབ་ ༢༠ ཙམ་གྱི་སློབ་གྲྭ་མང་པོའི་ནང་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པས། འབྱུང་འགྱུར་ལོ་རབས་ནང་༸མགོན་པོ་མཆོག་གི་ཐུགས་རེ་བཞིན་མི་རབས་གསར་པ་རྣམས་མི་བཟང་པོ་དང་འཛམ་གླིང་ཞི་བདེ་ལྡན་པ་ཆགས་རྒྱུ་གདོན་མི་ཟ། ཞེས་སྲིད་སྐྱོང་མཆོག་གིས་གསུངས།

དེ་ཡང་། བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་དོན།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུ་གྱ་ལྔ་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་འདིར་མགོན་པོ་མཆོག་ལ་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཚེ་རབས་ནས་ཚེ་རབས་བར་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟབ་པའི་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཚན་དཔེས་བརྒྱན་པའི་གཟུགས་སྐུའི་དཀྱིལ་འཁོར་རྣམ་པར་བཞད་པ་བར་མ་ཆད་པར་བྱོན་པ་དང། ཡང་སྒོས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་རྒྱལ་ལོ་ ༢༠༦༢ ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བདེ་སྐྱིད་ཚེ་རིང༌གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་ཏེ་རིང་པོར་མ་ཐོགས་པར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་པ་དང། ཕྱི་ལོ་ ༡༩༤༠ ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་མཛད།

དགུང་ལོ་དྲུག་ནས་བསླབ་པ་སློབ་གཉེར་སྤྱི་དང་། དགུང་ལོ་བཅུ་གཉིས་ནས་གཞུང་ཆེན་ཁག་ལ་གསན་བསམ་དབུ་འཛུགས་མཛད་ཅིང་། དགུང་ལོ་ཉེར་བཞིར་ཕེབས་སྐབས་གདན་ས་ཆེན་པོ་ཁག་གི་སློབ་གཉེར་བ་རྣམས་ཀྱི་དབུས་སུ་ཆོས་ཀྱི་རྒྱུགས་ཐོག་མ་དང་། ལོ་གཅིག་གི་རྗེས་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྐར་ཚོགས་ལྟ་བུ་འཛོམས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད། དེ་བཞིན་སྐུ་ན་གཞོན་དུས་ནས་འཛམ་གླིང་གི་གནས་ཚུལ་སྤྱི་དང༌། བྱེ་བྲག་དེང་རབས་ཀྱི་ཚན་རྩལ་རིག་གནས་སོགས་ལ་ཐུགས་སྣང་ཆེན་པོ་མཛད།

༸མགོན་པོ་མཆོག་སྐུ་ན་གཞོན་དུས་བོད་ས་ཡོངས་རྫོགས་ཛ་དྲག་གི་གནས་སུ་གྱུར་སྐབས་གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགུང་ལོ་བཅུ་དྲུག་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ལྕི་མོ་བཞེས་ཏེ། བོད་ནང་གི་གནས་སྟངས་གང་ཅིའི་ཐད་ལ་ཡར་རྒྱས་གཏོང་ཐབས་སུ་ལེགས་བཅོས་ལས་ཁུངས་བཙུགས་ཏེ་གཞི་རྩའི་བསྒྱུར་བཅོས་ཁག་གནང་འགོ་བཙུགས་ཡོད། དེ་དང་ཆབས་ཅིག་རྒྱ་དམར་གྱི་བཙན་དབང་འོག་ནས་ཐར་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་སྐུལ་དང་། རྒྱ་ནག་གཞུང་དང་ལྷན་དུ་ཞི་འགྲིག་ཡོང་ཐབས་སུ་ཁྱོན་ལོ་དགུ་ཙམ་ཐབས་ཤེས་ཡོད་རྒུ་མཛད་ཀྱང་། རྒྱ་དམར་གཞུང་གིས་བོད་མིའི་ཐོག་བཙན་དབང་དང་དྲག་གནོན་ཇེ་ཆེར་བཏང་བ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱྭ་ལ་ཡང་གནོད་པའི་ངན་བྱུས་བཤམས་པ་བཅས་ལ་བརྟེན། མཐར་ཕྱི་ལོ་ ༡༩༥༩ ལོར་སྐུ་འཁོར་དང་ལྷན་དུ་རང་ཡུལ་དང་ཞལ་གྱེས་ཏེ། བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་ནང་བཙན་བྱོལ་ལ་ཕེབས་གནང་མཛད།

བཙན་བྱོལ་དུ་ཕེབས་རྗེས་བོད་མིའི་ངོ་བོ་དང་། ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་སླད་དུ་སློབ་གྲྭ་ཟུར་འཛུགས་དང་། གཞིས་ཆགས་དང་ཆོས་སྡེ་གསར་འཛུགས་མཛད་པ་མ་ཟད། བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་བསྐོ་འདེམས་བྱེད་པའི་སྲོལ་དང་། ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་ཀྱི་སྐུ་དབང་ནས་ཕྱེད་བགྲེས་ཡོལ་དང་། ༢༠༡༡ ལོར་བགྲེས་ཡོལ་ཆ་ཚང་བཞེས་ཏེ། བོད་མིའི་ཆབ་སྲིད་ཀྱི་འགོ་འཁྲིད་བཀའ་བློན་ཁྲི་པ་ད་ཆ་སྲིད་སྐྱོང་མཚན་ཐོག་ནས་འགོ་འཁྲིད་བཞིན་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ཁྲིམས་ལུགས་གཏན་འབེབས་མཛད་པ་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་བསྔགས་འོས་སུ་གྱུར་པའི་དུས་བསྟུན་མཛད་འཕྲིན་བསྐྱངས་ཡོད།

༸མགོན་པོ་མཆོག་གིས་བོད་ཀྱི་བདེན་དོན་སླད་དུ་དུས་གསུམ་གསལ་གཟིགས་ཀྱིས་མཛད་འཕྲིན་བསྐྱངས་པར་འཛམ་གླིང་ནང་གཟུར་གནས་སྐྱེ་བོ་དུ་མ་མ་ཟད། རྒྱ་ནག་གི་མཁས་པ་མང་པོ་ནས་ཀྱང་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་པའི་ཐོག བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ ༡༩༧༠ འགོ་སྟོད་ནས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་བོད་རྒྱ་མི་རིགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་གནང་མཛད་དེ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཆེད་༸མགོན་པོ་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་གྲོས་མོལ་རིམ་པ་གནང་ཡོད་པ་མ་ཟད། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འགྲེལ་བརྗོད་བཅས་པ་ཕུལ་ཐུབ་པ་བྱུང་ཡོད་ལ། ༸གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གནང་རྒྱུར་དུས་རྟག་ཏུ་སྒོ་ཕྱེ་ཡོད། དེ་བཞིན་དུས་རྒྱུན་དུ་འཛམ་གླིང་ནང་མིས་བཟོས་པའི་རྩོད་རྙོག་དང་གནད་དོན་ཆེ་ཆུང་གང་དང་གང་ཡིན་ཡང་འགྲོ་བ་མི་ཁོ་ནས་སེལ་ཐབས་བྱེད་དགོས་པ་དང་། དེ་ཡང་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་དགོས་པའི་རླབས་ཆེན་མཛད་བྱུས་དང་ལམ་སྟོན་མཛད་པར་འཛམ་གླིང་གང་སར་གནས་པའི་གཟུར་གནས་ཤེས་ལྡན་ཀུན་གྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་རྒྱུ་ཐུགས་བསྐྱེད་དམ་བཅའ་དང་པོར་བཟུང་སྟེ། འགྲོ་བ་མིའི་བྱམས་བརྩེ་དང་གཞན་ཕན་སོགས་བཟང་པོའི་སྤྱོད་པ་ཁག་གོང་སྤེལ་གཏོང་རྒྱུར་མཛད་འགན་བཞེས་ཤིང་། བཟང་སྤྱོད་དེ་དག་དེང་རབས་ཀྱི་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇོག་དགོས་པའི་བཀའ་སློབ་ལམ་སྟོན་ཇི་ཕེབས་བཞིན་བསླབ་གཞི་ཆེད་བསྒྲིགས་ཀྱིས་གཏན་འབེབས་གནང་ཡོད་པར་ཕྱོགས་ཀུན་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཚད་མཐོ་པོ་འཐོབ་བཞིན་ཡོད། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་དག་ཡུལ་ལུང་སོ་སོའི་གནས་བབ་དང་བསྟུན་ནས་རྒྱ་གར་གཙོས་པའི་རྒྱལ་ཁབ་ ༢༠ ཙམ་གྱི་སློབ་གྲྭ་མང་པོའི་ནང་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པས། འབྱུང་འགྱུར་ལོ་རབས་ནང་༸མགོན་པོ་མཆོག་གི་ཐུགས་རེ་བཞིན་མི་རབས་གསར་པ་རྣམས་མི་བཟང་པོ་དང་འཛམ་གླིང་ཞི་བདེ་ལྡན་པ་ཆགས་རྒྱུ་གདོན་མི་ཟ།

ལྷག་པར་དུ་འདས་པའི་ལོ་ངོ་ ༣༠ ལྷག་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་གྲགས་ཅན་མང་པོའི་ལྷན་དུ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་གཙོ་བཟུང་ཐོག་བཀའ་བསྡུར་དང་བགྲོ་གླེང་རིམ་པ་གནང་འབྲས་སུ། ནང་པའི་ཆོས་དང་། ཁྱད་པར་དུ་ནང་པའི་ཚན་རིག་དང་། ལྟ་གྲུབ་རྣམ་གཞག་བཅས་ཀྱིས་ཚན་རིག་པ་མང་པོར་ངེས་ཤེས་རྙེད་ཐུབ་པ་བྱུང་ཡོད་པ་མ་ཟད། ནང་དོན་རིག་པའི་ངོས་ནས་ཚན་རིག་ལ་ཕན་གྲོགས་བྱེད་རྒྱུའི་ནུས་པ་ཡོད་པ་མཐོང་ནས་དེང་སང་ཚན་རིག་པ་མང་པོས་ནང་པའི་ལྟ་གྲུབ་ལ་དམིགས་བསལ་དོ་སྣང་དང་བགྲོ་གླེང་བྱེད་རྒྱུའི་འདུན་པ་འཕེལ་བཞིན་པ་དེ་དག་༸མགོན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་ཐོག་ནས་ཚན་རིག་པ་དང་ལྷན་དུ་གྲོགས་འདྲིས་གནང་བའི་གྲུབ་འབྲས་འབའ་ཞིག་ཡིན་ལ། དེང་སང་ཚན་རིག་པ་མང་པོས་༸གོང་ས་མཆོག་ནི་ཚན་རིག་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

དེ་བཞིན་འཛམ་གླིང་འདིའི་ནང་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པའི་ཁྲོད་ནས་ཆོས་ཁས་ལེན་མཁན་རྣམས་ལའང་སོ་སོའི་ཁམས་དང་མོས་པར་འཚམས་པའི་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་མང་དག་ཅིག་ཡོད་ཀྱང་། ཆོས་ལུགས་ཚང་མས་བྱམས་པ་དང༌། སྙིང་རྗེ། བཟོད་བསྲན་སོགས་ཀྱི་བསླབ་བྱ་ཉམས་སུ་ལེན་པ་དང་། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པ་གཅིག་མཚུངས་ཡོད་པ་བཞིན། ༸གོང་ས་མཆོག་གིས་དེ་ལྟར་ཡོང་བར་ཐུགས་བརྩོན་དང་། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དག་སྣང་ཡོང་སླད་འཛམ་གླིང་ནང་གི་ཆོས་ལུགས་ཁག་གི་དབུ་འཁྲིད་མང་པོའི་ལྷན་དུ་ཞལ་ཞེ་གཉིས་མེད་ཀྱིས་མཇལ་མོལ་དང་ལྷན་འཛོམས་སོགས་གནང་དང་གནང་བཞིན་པའི་མཛད་འཕྲིན་ལ་བརྟེན་ནས་ད་ཆ་ཆོས་ལུགས་ཕན་ཚུན་སྔར་ལྷག་མཐུན་འབྲེལ་ཇེ་བཟང་དུ་གྱུར་པའི་གྲུབ་འབྲས་རླབས་པོ་ཆེ་འཐོན་བཞིན་ཡོད།

ཉེ་དུས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྤྱི་དང་། ཡང་སྒོས་བོད་པས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་གཅེས་ཉར་བྱས་པའི་དཔལ་ནཱ་ལནྡཱའི་རིག་པའི་གཞུང་ལུགས་དེ་དག་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མིའི་རྣམ་དཔྱོད་གོང་སྤེལ་གཏོང་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་སོགས་ལ་ཆེས་མཁོ་བའི་དགོངས་གཞི་ཡོད་པ་ལྟར། འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པའི་སྐུལ་མ་ཡང་ཡང་མཛད་བཞིན་པ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་ཡོང་རྒྱུར་ཕྱོགས་གང་ས་ནས་ཐུགས་བརྩོན་ཧ་ཅང་ཆེན་པོ་མཛད་བཞིན་ཡོད་པ་བཅས་སྐུ་ཚེའི་ཐུགས་བསྐྱེད་དམ་བཅར་མཛད་བཞེས་གནང་བ་ལྟར། མཛད་འཕྲིན་ཧ་ཅང་རྒྱ་ཆེར་སྐྱོང་བཞིན་པར་སྐྱེ་བོ་ཀུན་གྱིས་ཆེས་དགའ་གུས་དང་བསྔགས་བརྗོད་ཞུ་བཞིན་ཡོད།

གང་གི་ཐུགས་བསྐྱེད་དམ་བཅའ་དེ་དག་འགྲུབ་ཐབས་སུ་ཕྱིའི་རྒྱལ་ཁབ་ ༦༠ བརྒལ་བར་ཆེད་ཕེབས་ཐོག་རྒྱལ་སྤྱིའི་ནང་མི་སྣ་ཆེ་ཁག་བརྒྱ་ཕྲག་མང་པོ་མཇལ་འཕྲད་དང་། བོད་ཡིག་ཐོག་ཕྱག་དེབ་ ༡༣༠ ལྷག་དང་། ཨིན་ཇིའི་ཐོག་ ༢༠༠ བརྒལ་བ་ལྗགས་རྩོམ་མཛད་ཅིང་། ཕྱག་དེབ་དེའི་ཁྲོད་ནས་གང་མང་སྐད་ཡིག་མི་འདྲ་བ་ ༢༠ ལྷག་ལ་བསྒྱུར་ཡོད། དེ་དག་སྤྱི་ཚོགས་ནང་ཁྱབ་སྟེ་མིའི་སེམས་ལ་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད།

༸གོང་ས་མཆོག་གི་གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་པའི་མཛད་རྗེས་དེ་དག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱེ་བོ་དུ་མས་ནད་བརྒྱ་སྨན་གཅིག་ཏུ་ཤེས་རྟོགས་བྱུང་སྟེ། སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གཙོས་པའི་གཟེངས་བསྟོད་སོགས་གྲངས་ ༡༥༠ ལྷག་འབུལ་བཞེས་མཛད་ཡོད། ལྷག་པར་དུ་འདི་ལོ་ཟླ་ ༢ ནང་ཨིན་ཡུལ་གྱི་རྒྱལ་ས་ལོནྜན་དུ་རྟེན་གཞི་བྱས་པའི་ཝཊ་ཀིན་སི་པར་སྐྲུན་ཁང་གིས་ལུས་སེམས་སྲོག་གི་བརྙན་དེབ་ནང་ཕྱི་ལོ་ ༢༠༢༠ ལོའི་འཛམ་གླིང་གི་འགྲོ་བ་མིའི་སེམས་ཁམས་ལ་བཟང་པོའི་ཤུགས་རྐྱེན་ཆེ་ཤོས་སྐྲུན་མཁན་འཚོ་བཞུགས་མི་སྣ་གྲགས་ཅན་བརྒྱ་བདམས་པའི་ཁྲོད་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨང་དང་པོར་བདམས་ཐོན་བྱུང་བ་ཁོ་ནས་ཀྱང་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་པ་ངང་གིས་རྟོགས་ཐུབ།

ད་ཆ་འཛམ་གླིང་ཡོངས་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྒྱ་ཁྱབ་ནད་ཡམས་ཀྱི་རྐྱེན་པས་འགྲོ་བ་མིའི་སེམས་ཁམས་ལ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཕྱོགས་གཞན་ནས་བརྡ་འཕྲིན་འཕྲུལ་ལས་ཡར་རྒྱས་རྩེ་མོར་སོན་པའི་བཟང་ཕྱོགས་ཀྱི་ཁྱད་ཆོས་དེ་ཉིད་བཀོལ་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་འཕྲལ་ཕུགས་ཀྱི་དཀའ་སྡུག་ལས་ཐར་ཕྱིར་དྲྭ་ཐོག་ནས་བཀའ་དབང་དང་། གསུང་ཆོས། བཀའ་སློབ་བཅས་སྩལ་གནང་མཛད་དང་མཛད་བཞིན་པ་ནི་འགྲོ་བའི་སྡུག་བསྔལ་སེལ་བའི་དུས་ཐོག་སྦྲང་ཆར་ཁོ་ན་ཡིན།

ང་ཚོས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་སྤྱི་དང་། ལྷག་པར་དུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་གངས་ཅན་པ་རྣམས་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་འཇལ་ཐབས་བྲལ་ཡང་། ༸མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དེ་དག་གིས་འཛམ་གླིང་ཡོངས་ལ་ཕན་བདེ་དངོས་སུ་བསྒྲུབ་པར་བོད་རིགས་རྒན་གཞོན་དར་གསུམ་གྱིས་ནང་པའི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་གཙོ་བོར་གྱུར་པའི་ནང་པའི་ཚན་རིག་ཐོག་ལ་སློབ་གཉེར་ངེས་པར་དུ་བྱེད་དགོས། ལྷག་པར་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ལོ་ཡིན་པ་བཞིན། ༸མགོན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་ཁག་གཙོ་བོར་གྱུར་པའི་ལས་གཞི་སྣ་ཚོགས་ཡོད་པ་རྣམས་རྒྱ་གང་ཆེར་སྤེལ་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། བདག་ཅག་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པ་མ་ཟད། ལུང་རྟོགས་ཀྱི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་གཙུག་རྒྱན་དང་། འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་གཅིག་པུ་ཡིན་ཡང་། བསོད་ནམས་ཟད་པའི་སྐྱེ་བོ་འགའ་རེས་ལྷ་ཆོས་མི་ཆོས་གང་ནས་བལྟས་ཀྱང་བཀའ་དྲིན་བསམ་ཤེས་མེད་པའི་ལས་ངན་བསགས་པའི་ངན་འབྲས་རང་ཉིད་ལ་འཁོར་རྒྱུ་ལས་༸རྒྱལ་བའི་གསང་གསུམ་མཛད་འཕྲིན་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་ཚུགས། འོན་ཀྱང་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་མཚན་སྨད་ཞུ་མཁན་དང་། དོལ་རྒྱལ་རྗེས་འབྲང་པ། རྒྱ་དམར་གཞུང་གི་དགོས་འདུན་སྒྲུབ་མཁན་རིགས་བཅས་ལ་བཟོད་བསྲན་ཞུ་ཐབས་བྲལ་བས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན་ལ། མི་མང་གི་ངོས་ནས་ཀྱང་དེ་ལྟར་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ ༡༩ པའི་གནས་སྟངས་འཛམ་གླིང་ཡོངས་ལ་དུས་ཐོག་ཕྱིར་བསྒྲགས་མ་བྱས་པའི་དབང་གིས་ད་ཆ་འཛམ་གླིང་ནང་ནད་གཞི་དེ་ཉིད་ཕོག་པ་ལ་བརྟེན་ནས་འདས་གྲོངས་སུ་གྱུར་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གདུང་སེམས་མཉམ་བསྐྱེད་དང་བཅས། གཉན་རིམས་དེ་ཉིད་མ་འགོ་བའི་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་ཞུས་པ་ཁག་ལ་མང་ཚོགས་ནས་ལག་བསྟར་འཐུས་ཚང་ཞུ་དགོས་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་ཡམས་རྒྱ་ཁྱབ་མི་འགྲོ་བ་དང་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་པ་ཇི་བཞིན་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

མདོར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་མཁན་གྱི་ཀུན་གསལ་ཁྲི་གདུགས་ཉི་མ་དང་། འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་གྱི་དེད་དཔོན་ཆེན་པོ། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་གཙུག་རྒྱན། བོད་ཀྱི་མང་གཙོའི་སྲོལ་འབྱེད་ཆེན་མོ་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་སྔོན་མ་རྣམས་ཀྱི་མཛད་པ་ཡོངས་རྫོགས་གཅིག་ཏུ་བསྡོམས་པ་ལས་ལྷག་པའི་གངས་ཅན་ལྗོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཁོ་ན་ཡིན་ལ། ཇི་སྐད་དུ་སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཉམས་བཞེས་མཛད་བཞིན་པ་ལྟར་འགྲུབ་ཐབས་སུ་གང་གི་གདུལ་ཞིང་བོད་གངས་ཅན་པས་གཙོས་པའི་དད་ལྡན་མི་རེ་ངོ་རེས་མགོན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བླང་དོར་བཀའ་སློབ་སྩལ་པ་རྣམས་བཀའ་བཞིན་བསྒྲུབ་རྒྱུར་དུས་རྟག་ཏུ་འབད་བརྩོན་ཞུ་དགོས་པ་ནན་སྐུལ་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་སྤྱི་ལ་སྨན་པའི་རླབས་ཆེན་གྱི་དགོངས་གཞི་དེ་དག་འགྲུབ་ཐབས་སུ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་། མཐུན་འགྱུར། ལག་བསྟར་གནང་མཁན་བཅས་དང་། བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱ་གར་དབུས་ས་གཉིས་ཀྱིས་གཙོས་པའི་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་། གྲོས་ཚོགས། ཚོགས་སྒེར་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གང་གི་གདུལ་བྱ་བདག་ཅག་གངས་ཅན་པ་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་། ༸མགོན་པོ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ། ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།