20
Sat, Apr

༢༠༢༠་ལོའི་ཟླ་༣་ཚེས་༢༣་ཉིན། སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་གསལ་བསྒྲགས་སྤེལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༢༣་ཉིན། བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཝུ་ཧན་ཏོག་དབྱིབས་ནད་དུག་གི་སྔོན་འགོག་དང་འབྲེལ་བའི་ཐོག་གསར་འགོད་གསལ་བསྒྲགས་དང་། ཆོས་རིག་ལས་ཁུངས་ནས་ཞབས་རིམ་རྣམས་གསོག་སྒྲུབ་དགོས་པའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་དར་ཁྱབ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པར། བོད་མི་ཚོས་ཡིད་གཟབ་དགོས་གལ་གྱི་འབོད་སྐུལ་གནང་བ་དང་སྦྲགས། རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་དུག་ཐོག་སྔོན་འགོག་གི་ལམ་སྟོན་ཇི་ལྟར་གནང་བ་རྣམས་བོད་མི་ཚང་མས་ངེས་པར་ལག་བསྟར་ཡོང་ཐབས་སླད་འབད་བརྩོན་གནང་རོགས་ཞུས་སོང་། ༢༠༢༠ལོའི་ཟླ་༣ཚེས་༢༣་ཉིན་ནས་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་ནང་ལས་བྱེད་བརྒྱ་ཆ་ལྔ་བཅུ་ཉུང་དུ་བཏང་ནས་ཉིན་རེར་ལས་བྱེད་རེས་མོས་བྱས་ནས་ལས་ཁུངས་ལ་ཡོང་ནས་ལས་ཀ་བྱེད་རྒྱུ་དང། སྒེར་གྱི་གློག་ཀླད་ཡོད་མཁན་ཚོས་ལས་ཁུངས་སུ་བཅར་མི་དགོས་པར་རང་ཤག་ནས་ལས་ཀ་བྱེད་དགོས་པ་དང་། ཉིན་གཉིས་རྗེས་སུ་ལས་དོན་གང་བྱེད་མིན་ཐད་ལས་ཁུངས་སུ་སྙན་སེང་ཞུ་དགོས་པ་རེད། ནད་ཡམས་དེ་བཞིན་ཁྱབ་གདལ་མ་ཡོང་བའི་ཆེད་མི་ཚོགས་རྒྱང་འགྱེད་(Social Distance) སོགས་བྱེད་དགོས། ཞེས་དང་།

ཁོང་གིས་མུ་མཐུན་ནས་གསུང་དོན། ཧི་མཱ་ཅལ་དབུས་གཞུང་ནས་ཕྱི་ནས་འགྲུལ་བཞུད་བྱེད་མཁན་ལ་དམ་བསྒྲགས་བཀག་སྡོམ་བྱེད་ཡོད། ཁ་སང་ཀང་ར་རྫོང་ཡོངས་རྫོགས་ལ་དམ་བསྒྲགས་བཀའ་རྒྱ་བཏང་ཡོད། ང་ཚོས་ས་གནས་རྫོང་དཔོན་དང་འབྲེལ་བ་བྱེད་ཀྱི་ཡོད། རྒྱ་གར་དབུས་གཞུང་དང་རྫོང་ལས་ཁུངས་སུའང་ལས་བྱེད་བརྒྱ་ཆ་ལྔ་བཅུས་ཕྱག་ལས་གནང་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཡང་དེ་དེ་བཞིན་གནང་རྒྱུ་རེད། ཚང་མས་རྒྱ་གར་དབུས་གཞུང་དང་ས་གནས་རྫོང་ལས་ཁུངས་ནས་ལམ་སྟོན་ཇི་ཕེབས་ངེས་པར་སྲུང་བརྩི་ཞུ་དགོས། ལྷག་པར་ནད་ཡམས་དེར་བོད་མི་ཚང་མས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད། གཞུང་གི་ལས་ཁུངས་གཙང་མ་བཟོས་གནང་ཡོད་པ་དང་། གཞུང་གི་ལས་བྱེད་ཕྱེད་ཀ་ཉུང་དུ་བཏང་འདུག ནད་དུག་དང་འབྲེལ་བའི་ཐོག་མི་མང་ལ་དྲ་ཐོག་ནས་གོ་རྟོགས་ཀྱང་སྤེལ་འདུག ལས་ཁུངས་རེར་ཚ་བ་བརྟག་དཔྱད་ཡོ་བྱད་གནང་རྒྱུ་དང་། ཏོག་དབྱིབས་ནད་དུག་དོགས་ཡོད་དང་ཕོག་མཁན་བྱུང་ན་སྣེ་ལེན་ཁང་དུ་ཟུར་བཀག་ཆེད་ཁང་པ་བཅས་གྲ་སྒྲིག་གནང་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་སོང་།

གཞན། ཟླ་འདིའི་ཚེས་༢༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བོད་མི་ཡོངས་ལ་སྤེལ་བའི་གསལ་བསྒྲགས་གཤམ་གསལ།

༄༅། །མཚུངས་མེད་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་རྒྱས་ལ།

ཆེད་ཞུ། ཁ་སང་ཛ་དྲག་ཐོག་བཀའ་ཤག་ལྷན་རྒྱས་བཀའ་བསྡུར་གནང་སྟེ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ (Covid-19) ཞེས་པའི་ནད་ཡམས་སྔོན་འགོག་ཆེད་དབུས་སའི་ལས་བྱེད་ཚང་མས་ད་ཚེས་ནས་ཟླ་བ་གཅིག་རིང་ལག་བསྟར་དགོས་པའི་གནད་དོན་གཤམ་གསལ།

༡༽ ལས་ཁུངས་སོ་སོའི་ལས་བྱེད་ཀྱི་གྲངས་འབོར་བརྒྱ་ཆ་ ༥༠ རེ་ནས་ཉིན་རེ་རེས་མོས་ཀྱིས་ལས་ཁུངས་ནང་བར་ཐག་འགྲིག་ངེས་འཇོག་པའི་ཐོག་ལས་ཀ་བྱེད་དགོས། འཕྲོས་བརྒྱ་ཆ་ ༥༠ སོ་སོའི་ནང་ནས་ལས་ཀ་བྱེད་དགོས། ༢༽ ནང་ནས་ལས་ཀ་བྱ་བདེའི་སླད་ཟླ་བ་གཅིག་རིང་ལག་འཁྱེར་ཁ་དཔར་དང་དྲྭ་རྒྱའི་དོད་ལས་བྱེད་རེར་སྒོར་ ༣༠༠ རེ་འཆར་ཟླའི་ནང་ཞུ་སྤྲོད་ཆོག་རྒྱུ། ༣༽ ལས་ཁུངས་སོ་སོའི་ཡིག་གད་ནས་ཞོགས་པ་གཙང་བཟོ་དང་ཆབ་སྐོལ་ལ་སོགས་པའི་ལས་ཀ་བྱས་རྗེས་གལ་ཆེའི་ཡི་གེ་སྐྱེལ་དགོས་མེད་ན་ནང་དུ་སློག་དགོས་པ་ལས་གསོལ་ཇ་གནས་སྐབས་བཟོ་མི་དགོས་པ་གནང་རྒྱུ། ཡིག་གད་ནས་ཉིན་རྒྱབ་ཆུ་ཚོད་ ༤ པར་ལས་ཁུངས་ནང་ནད་འབུ་ཁྱབ་གདལ་མི་ཡོང་བའི་སྔོན་འགོག་གཙང་བཟོ་ (Sanitize) བྱ་དགོས། ༤༽ ལས་བྱེད་ (Laptop) ཡོད་རིགས་ཚོས་སོ་སོའི་ནང་ནས་ལས་ཀ་བྱེད་དགོས། ཉིན་གཉིས་རེའི་མཚམས་ཁ་དཔར་བརྒྱུད་དམ་ངོ་བཅར་ཐོག་ལམ་སྟོན་ཞུ་དགོས་དང་ལས་དོན་ཇི་ཞུས་གོང་རིམ་ལ་སྙན་གསེང་ཞུ་དགོས། ༥༽ རེས་གཟའ་ལྷག་པ་ནམ་ཡིན་ལས་སེང་དང་། འཆར་ཟླའི་རེས་གཟའ་སྤེན་པ་དང་པོ་ལས་གསེང་བྱ་རྒྱུ། ༦༽ ལས་བྱེད་དམ་ནང་མི་སྤུན་ཉེ་ཕྱི་ནས་ཡོང་མཁན་རིགས་བདུན་གཉིས་རིང་ཟུར་འཇོག་ (Quarantine) ངེས་པར་དུ་བྱེད་དགོས། དེའི་ཆེད་འཕྲོད་བསྟེན་ལས་ཁུངས་དང་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ལ་འབྲེལ་བ་ཞུ་དགོས། ༧༽ ལས་བྱེད་དམིཌ་བསལ་དགོས་མཁོ་ཅན་དང་སྦྲུམ་མ་ཅན་ཚོས་ནང་ནས་ལས་ཀ་བྱེད་དགོས། གོང་མཚུངས་ཉིན་གཉིས་རེའི་མཚམས་ཁ་དཔར་བརྒྱུད་དམ་ངོ་བཅར་ཐོག་ལམ་སྟོན་ཞུ་དགོས་དང་ལས་དོན་ཇི་ཞུས་གོང་རིམ་ལ་སྙན་གསེང་ཞུ་དགོས། ༨༽ ལས་བྱེད་དང་ནང་མི་སུ་རུང་ཚ་བ་འབར་བ་དང་། གློ་སྐམ་པོ་རྒྱག་པ། མིད་པ་ན་བ་བཅས་བྱུང་ཚེ་ཉེ་འཁོར་སྨན་ཁང་དུ་འཕྲལ་མར་སྨན་གཏུགས་བྱེད་དགོས། ཞེས་དབུས་སའི་ཁྱབ་ཁོངས་ལས་བྱེད་ཡོངས་ལ་འགྲེལ་བརྗོད་ནན་འདྲོངས་དགོས་པའི་བཀའ་ཕེབས་འདུག་པ་དེ་ལུགས་དགོངས་འཇགས་ཞུ། ཞེས་བཀོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༣་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་སྤེལ་བའི་གསལ་བསྒྲགས་གཤམ་གསལ།

༄༅། མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམ་པ་དང་། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་ལྷན་རྒྱས་མཆོག་ལ། 

ཆེད་ཏུ། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ཟླ་བ་དང་པོའི་ཚེས་བཅུའི་གཟབ་གསོལ་སྐབས་གཞུང་བསྟེན་ཆོས་སྐྱོང་བཀའ་ལུང་ཕེབས་དོན་བཞིན། ༧རྒྱལ་བའི་སྐུ་ཕྱྭ་དང༌། བསྟན་སྲིད་ཞབས་རིམ། ལྷག་པར་དུ་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་གང་མྱུར་དྭངས་སེལ་ཡོང་སླད་ཞབས་རིམས་དང་གཟུངས་སྔགས་ཁག་ཅིག་གནད་སྨིན་འབད་སྒྲུབ་ཞུ་དགོས་འདུག་ན། མཆོག་དམན་ཀུན་ནས་མ་ཎི་ཡིག་དྲུག་དང༌། སྒྲོལ་མའི་གཟུངས་སྔགས། སྒྲོལ་མ་ཉེར་གཅིག ྋརྒྱལ་བའི་མཚན་སྔགས། མ་ཧཱ་གུ་རུའི་གཟུངས་སྔགས། ལོ་མ་གྱོན་མའི་གཟུངས་སྔགས། འདོད་ཁམས་བདག་མོའི་བྷྱོཿབློ་བདུན་མ། མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། རྟ་མགྲིན་གཟུངས་སྔགས། སྨན་བླའི་གཟུངས་སྔགས་བཅས་གནང་སྨིན་གསོག་འདོན་དགོས་ལུགས་ཕེབས་འདུག་པར། དེ་དོན་སོ་སོའི་ཁྱབ་ཁོངས་ཁག་ལ་སྒོ་ཁྲལ་ལྷ་བུར་མ་སོང་བའི་ཐོག་ནས། མི་མང་འདུ་འཛོམས་མི་དགོས་པར་རང་དོན་རང་གཅེས་ཀྱིས་གོང་གསལ་ཞབས་རིམ་རྣམས་གསོག་སྒྲུབ་དགོས་པའི་གསལ་བསྒྲགས་ནན་འདྲོངས་དང༌། གྲུབ་ཐོ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ ནང་ཚུད་འདི་ག་ལས་ཁུངས་སུ་གནང་སྐྱོང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཞེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།