19
Fri, Apr

༸གོང་ས་མཆོག་གིས་དབུ་མའི་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་སོང་། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ ཟླ་ ༢ ཚེས་ ༢༠ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་གསུང་ཆོས་ཉིན་དང་པོ་དབུ་འཛུགས་གནང་སོང་བ་དང་། ཆོས་ཞུ་བ་བླ་མ་དང་དགེ་འདུན་པ་དེ་བཞིན་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་ཕྲག་ཁ་ཤས་འཛོམས་ཡོད་འདུག

དེ་ཡང་༸གོང་ས་མཆོག་གིས་གསུང་ཆོས་ཐོག་མར་གསུང་དོན། དབུ་མ་སྙིང་པོ་གཞུང་འདི་ནི་གལ་ཆེ་བ་ཞིག་རེད་ངས་དེ་གང་དྲག་བསམ་ནས་དེའི་བཤད་རྒྱུན་ཞིག་སྤེལ་དགོས་ཀྱི་འདུག་བསམ་སོང་། གཞུང་ཆེན་༡༣ གྱིས་མཚོན་པའི་གཞུང་ཆེན་རྣམས་ཁུ་ནུ་བླ་མ་རིན་པོ་ཆེ་དང་རྒན་རིག་འཛིན་བསྟན་པའི་སྐུ་མདུན་ནས་དང་ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན། མཁན་རིན་པོ་ཆེན་ཀུན་དགའ་དབང་ཕྱུག་ལ་སོགས་པས་མདུན་ནས་བཤད་ལུང་གལ་ཆེན་པོ་བྱས་ནས་བཤད་ལུང་མང་པོ་ཐོབ་ཡོད། དབུ་མ་སྙིང་པོའི་བཤད་ལུགས་ཤིག་དགོས་ཀྱི་འདུག་བསམ་ནས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་དབུ་མ་སྙིང་པོའི་མཆན་འགྲེལ་ཞིག་བརྩམས་རོགས་གནང་ཞུས་པས་མཁན་པོ་མཆོག་གིས་བརྩམས་གནང་པ་རེད་ཅེས་བཀའ་བསྩལ་སོང་།

༡༩༥༩ ལོ་ནས་བོད་ཁ་བ་གངས་ཅན་པའི་རྒྱལ་བསྟན་རིན་པོ་ཆེ་དེ་ཉིད་ཧ་ཅང་ཉམས་དམས་པ་གྱུར་ནའང་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་པའི་༧གོང་ས་ཐམས་ཅད་མཁྱེན་པས་བཀའ་དྲིན་ཉག་ཅིག་ལས་རྒྱལ་བསྟན་ཉི་མའི་དཀྱིལ་འཁོར་སླར་ཡང་རྒྱ་གར་འཕགས་པའི་ཡུལ་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པ་དང་རྒྱས་པ་གྱུར་འདུག་ཀྱང་། རྒྱ་གཞུང་རྩ་ཆེན་དབུ་མ་སྙིང་པོའི་གཞུང་འདི་གདམས་པའི་མན་ངག་གི་རྒྱུན་ཉམས་པ་སླར་གསོ་བྱས་པ་རེད་འདུག ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་རྗེས་འབྲངས་ཀླུ་སྒྲུབ་ཐོག་མེད་གཉིས་ཀྱིས་དབུ་སེམས་ཀྱི་ཤིང་རྟའི་སྲོལ་ཕྱེས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་དགོངས་པ་ཐལ་འགྱུར་དུ་བཀྲལ་བ་དང་། སློན་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ། ཤེས་རབ་སྒྲོན་མེ་སོགས་མཛད་ནས་བདེན་དངོས་ཐ་སྙད་དུའང་མི་བཞེད་ཅིང་། ཕྱི་དོན་ཞལ་གྱི་བཞེད་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིད་རྟའི་སྲོལ་ཕྱེད་ཡོད་པ་རེད།

སློན་དཔོན་ལེགས་ལྡན་འབྱེད་ནི་དུས་རབས་དྲུག་པ་ནང་རྒྱ་གར་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་དེ་ནས་རིམ་བཞིན་བསྙེན་པ་རྫོགས་སྟེ། ཐེག་པ་ཆེན་པོའི་གཞུང་ཀླུ་སྒྲུབ་ཀྱི་མན་ངག་ཧུབ་ཀྱིས་བཞེས་ཏེ་མཁས་མང་སྐར་ཚོགས་ལྟ་བུའི་དབུས་སུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པ་འཕགས་པའི་མཁས་པའི་དབང་པོ་གྱུར། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཞལ་མངོན་སུམ་དུ་གཟིགས་ཤིང་དགོན་སྡེ་ཆེ་ཆུང་ལྔ་བཅུའི་བདག་པོ་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེན་བསྐྱངས་ཡོད་པ་རེད་འདུག

དེ་རིང་དབུ་མ་སྙིང་པོའི་མཆན་འགྲེལ་མཁན་རིན་པོ་ཆེའི་ཀུན་དགའ་དབང་ཕྱུག་གིས་མཛད་པའི་ཕྱག་དེབ་ཤོག་ལེབ་སུམ་ཅུ་ཙམ་བཤད་ཁྲིད་གནང་ཟིན་འདུག སང་ཉིན་དང་གནངས་ཉིན་བཞེངས་ཉིན་ཏེ་ཉིན་གསུམ་རིང་བཤད་ཁྲིད་མཇུག་གྲུབ་རྒྱུ་དང་ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་མི་འདྲ་བ་ཁག་བཞི་ཡིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

གསུང་ཆོས་རིང་དབྱིན་སྐད་དང་། རྒྱ་གར། ཉི་ཧོང་། རྒྱ་སྐད། ཝེ་ནམ། ཀོ་རི་ཡ་བཅས་ཀྱི་སྐད་ཐོག་ནསགསུང་བསྒྱུར་གྱིས་བརྒྱུད་ལམ་སོ་སོ་ནས་གསན་གཟིགས་ཐུབ་པ་ཡིན་འདུག

བྱམས་པས་རྡ་ས་ནས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།