25
Thu, Apr

ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་མཆོག་གྲོངས་པའི་ཡིད་སྐྱོའི་གནས་ཚུལ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡ཚེས་༣༠ཉིན། རྒྱལ་གཅེས་དཔའ་བོ་དཔལ་ལྡན་རྒྱ་མཚོ་མཆོག་རྡ་སའི་བདེ་ལེགས་སྨན་ཁང་དུ་མཆིན་པའི་སྐྲན་ནད་ཀྱི་དབང་གིས་སྐུ་གཤེགས་འདུག་ཅིང་། དགུང་གྲངས་༨༧དུ་ཕེབས་ཡོད་འདུག ཡིད་སྐྱོའི་གནས་ཚུལ་དེ་ཐོན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་དང་། གཞན་ཡང་། སྤྱི་ཚོགས་དྲ་ལམ་ཁག་ན་སྤྱི་སྒེར་གཉིས་ཐད་ནས་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ལ་བསྟོད་བསྔགས་དང་། ཁོང་སྐུ་གཤེགས་པར་མྱ་ངན་དང་གདུང་སེམས་མཚོན་པའི་ཡི་གེ་དང་པར་རིས་ཀྱང་མང་པོ་སྤེལ་གྱིན་འདུག

ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་ནི། ཕྱི་ལོ་༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་ཤིང་། གདན་ས་ཆེན་མོ་འབྲས་སྤུངས་ཏུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱེད་སྐབས། རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་དབང་གིས། རྒྱ་གཞུང་གིས་ལོ་༣༣ རིང་བཙོན་ཁང་དུ་བཅུག་སྟེ་སྡུག་བསྔལ་ཚད་མེད་མྱངས། ཕྱི་ལོ་༡༩༩༢ ལོར་བཙོན་གྲོལ་ཐོབ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། རྒྱ་གར་དུ་ཕེབས་པ་ནས་བཟུང་། བོད་དོན་སྤྱི་དང་། རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་བོད་མི་རྣམས་ཀྱི་དཀའ་སྡུག་མནར་གཅོད་ཇི་ལྟར་མྱོང་གི་ཡོད་པ་རྣམས། ས་ཆ་གང་སར་སོང་སྟེ་གཏམ་བཤད་གནང་སྟེ། རྒྱ་གཞུང་གིས་བེད་སྤྱོད་གཏོང་གིན་ཡོད་པའི་མནར་གཅོད་གཏོང་བྱེད་ཀྱི་ལག་ཆ་རྣམས་ཀྱང་རེ་རེ་བཞིན་འཛམ་གླིང་ཡོངས་ལ་བསྟན། ད་དུང་། དམ་པ་ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་ཉན་ཞིབ་སྐབས་གཏམ་བཤད་ཤུགས་ཆེ་སྤེལ་གནང་བར་མ་ཟད། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་། སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་བོད་ནང་རང་དབང་དང་དམངས་གཙོ་མེད་པའི་དངོས་ཡོད་གནས་སྟངས་ཁྲིམས་གཏུགས་ཀྱང་ཐེངས་མང་གནང་།

ད་དུང་། ཕྱི་ལོ་༡༩༩༨ ལོར་ཐོབ་ཐང་དང་དམངས་གཙོ་ཞེས་པའི་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཁོང་ལ་ཇཱོན་ཧམ་ཧྥེ་རི་རང་དབང་གཟེངས་རྟགས་ཞེས་པའང་ཕུལ་ཡོད་འདུག དེ་ནས། བོད་མི་རྣམས་ཀྱི་དཀའ་སྡུག་དང་རྒྱ་ནག་གི་གདུག་རྩུབ་མངོན་པར་མཚོན་པའི་མེ་ལྕེ་འོག་གི་བོད་ཅེས་པའི་དེབ་ཅིག་ཀྱང་བརྩམས་ཡོད་ཅིང་། དེབ་དེ་ནི་བོད་རིག་པའི་མཁས་དབང་ཚེ་རིང་ཤཀྱཱ་ལགས་དང་ལྷན་དུ་བྲིས་པ་ཞིག་རེད། ད་ལྟའི་ཆར་དཔེ་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སི། འཇར་མན་སོགས་སྐད་ཡིག་༢༠ ལྷག་གི་ནང་བསྒྱུར་ཚར་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ཚེ་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་དེ་ཐོན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་ལ་མྱ་ངན་གུས་འདུད་ཞུས་འདུག་ཅིང་། ཁོང་གིས་གསུང་དོན། རྒྱལ་གཅེས་པ་དཔལ་ལྡན་རྒྱ་མཚོ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་ཚོར་བློ་ཕམ་ཧ་ཅང་བྱུང་། རྒྱལ་གཅེས་པ་དམ་པ་ཁོང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོའི་རིང་དཀའ་སྡུག་ཧ་ཅང་མྱངས་ཡོད། འཛམ་གླིང་ཁྱོན་དུ་སྐྱེ་བུ་མཆོག་དམན་ཀུན་གྱིས་དམ་པ་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་བློ་གཏོང་ལ་ངོ་མཚར་དང་བསྔགས་བརྗོད་རྒྱ་ཆེ་གཏོར་བཞིན་ཡོད།

ང་རང་སྒེར་ལ་མཚོན་ན་དམ་པ་ཁོང་དང་ལྷན་མི་ལོ་ ༢༠ རིང་ངོ་ཤེས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམ་ཁང་གི་བོད་ནང་གི་ཁྲིམས་ལུགས་དབང་སྒྱུར་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཞེས་པའི་སྙན་ཐོའི་ཆེད་དུ་དམ་པ་ཁོང་ལ་ངས་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ༢༠༠༠ ལོར་ཨ་རིའི་ནིའུ་ཨིང་ལེན་ས་ཁུལ་དུ་ཆབ་སྲིད་དྲིལ་བསྒྲགས་སྐོར་སྐྱོད་ཆེད་ཕེབས་སྐབས་གསུང་སྒྱུར་ཞུ་རྒྱུ་དང་། གཞན་ཡང་སྐོར་སྐྱོད་སྐབས་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང་། དམ་པ་ཁོང་ལ་ཁེ་ན་ཌའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་John Humphrey Freedom Award ཞེས་པའི་གཟེངས་རྟགས་ཕུལ་འདུག རྒྱལ་གཅེས་པ་དམ་པ་ཁོང་གོས་སྐུ་ཚེ་ཧྲིལ་པོ་བོད་དོན་ཆེད་བློས་གཏོང་གནང་ཡོད། དེར་བརྟེན་ང་ཚོས་དམ་པ་ཁོང་གི་བློས་གཏོང་བ་དེར་མིག་དཔེར་བཟུང་ནས་བོད་དོན་ཆེད་ལྷག་བསམ་དང་སྙིང་སྟོབས་སྲ་བརྟན་རྒྱུན་སྐྱོང་འོག་བོད་དོན་བདེན་མཐའ་མ་གསལ་བར་འབད་བརྩོན་མུ་མཐུད་བྱ་རྒྱུའི་ཆོད་སེམས་སྔར་ལྷག་སྐྱེ་ཐུབ་པ་བྱེད་དགོས། ཞེས་གསུངས་འདུག


བོད་ཀྱི་ལོ་རྒྱུས་ཡིག་ཆ།